༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་གི་བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན་ཞེས་པའི་མཁས་པའི་བགྲོ་གླེངདབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས། འབྲེལ་ཡོད་ལས་བྱེད། གསུང་བཤད་གནང་མཁན་མཁས་དབང་རྣམ་པ་སོགས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་སྣང་གསལ་མཆོད་མེ་ཞལ་ཕྱེ་གནང་གྲུབ་མཚམས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་ང་ཚོས་ཚོགས་འདུ་འདི་འཚོག་པའི་དགོས་པ་དང་དམིགས་ཡུལ་ནི། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ། དེ་སྲིད་བོད་ཀྱི་རྩ་ཆེའི་རིག་གཞུང་མུ་མཐུད་བཙན་བྱོལ་དུ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད་དུས། ད་ལྟ་ང་ཚོ་བོད་པ་ལ་ངོམ་ཆོག་པ་དང་རྒྱལ་སྤྱིའི་ནང་དགའ་ཞེན་དང་རྒྱབ་སྐྱོར་བྱེད་རྒྱུ་གཙོ་བོ་ནི། སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཕྱུག་པོ་འདི་ལ་བརྟེན་ནས་རེད་བསམ་གྱི་ཡོད། བོད་ཀྱི་རིག་གཞུང་གསོན་པོར་གནས་རྒྱུ་དེ་ཡང་མི་རབས་རྒན་པ་རྣམས་དང་། རིག་གཞུང་ཐོག་རྒྱུན་རིང་ཕྱག་ལས་གནང་མཁན་འབྲེལ་ཡོད་རྣམ་པ། སྤྱི་ཚོགས་ཕྱོགས་ཡོངས་ཀྱི་འབད་རྩོད་དང་ལྷག་བསམ། སེམས་ཤུགས་བཅས་ལ་བརྟེན་ནས་བྱུང་ཡོད། ད་དུང་ཡིན་ནའང་ང་ཚོའི་ཆོས་དང་རིག་གཞུང་འདི་མུ་མཐུད་ནས་གནས་རྒྱུ་དང་། རིག་གཞུང་དེ་བོད་ཀྱི་འཐབ་རྩོད་ཁྲོད་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། མི་རབས་ནས་མི་རབས་རྩིས་སྤྲོད་ཐུབ་པ་དང་། གོ་བཀོན་སློབ་གསོ་བརྒྱག་རྒྱུ་མ་ཟད་དེ་ལ་མུ་མཐུད་དོ་སྣང་དང་ཤུགས་སྣོན་བརྒྱག་རྒྱུ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལས་འགན་ཆགས་ཀྱི་ཡོད། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཚོགས་འདུ་འདི་གལ་ཆེན་པོར་རྩི་བཞིན་ཡོད། གང་ཡིན་ཟེར་ན། ད་ལྟ་ང་ཚོ་མིའི་ལུང་པ་ནང་ཁ་འཐོར་ནས་རྒྱལ་ཁབ་འདྲ་མིན་ནང་གནས་ཡོད་དུས། གནས་སྡོད་བྱེད་སའི་ཁོར་ཡུག་དང་གོམས་གཤིས་སོགས་ལ་བརྟེན་ནས་ང་ཚོའི་རིག་གཞུང་ལ་གཞན་གྱི་ཤན་ཞུགས་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཡོད་པ་བརྗོད་མེད་ཡིན།ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ད་ལྟའི་གནས་སྟངས་ལ་དཔགས་པའི་ལས་གཞི་དཔེར་ན་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ལས་གཞི་སྤེལ་མུས་ཡིན། དཔེར་ན་བོད་ཀྱི་རིག་གཞུང་ཐོག་ཕྱག་ལས་གནང་མཁན་རྣམས་ལ་དཔལ་འབྱོར་གྱི་རོགས་པ་དང་། དེ་བཞིན་དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོ་རྟོགས་ལས་གཞི་ཞེས་བོད་པའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་གོ་རྟོགས་སྤེལ་ཆེད་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་གྲངས་ ༢༡ རིང་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། གཞན་ཡང་ཧོན་སུར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་སྦྲེལ་ཐོག་བོད་རིགས་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཅེས་པ་ཟླ་བ་དྲུག་རིང་སྐད་ཡིག་དང་། རིགས་ལམ། གཞུང་ཆེན་བཀའ་པོད་ལྔའི་སྙིང་བསྡུས་བཅས་ངོ་སྤྲོད་སློབ་ཁྲིད་བྱ་རྒྱུའི་ལས་རིམ་ཞིག་ལག་བསྟར་བྱེད་མུས་ཡིན། ཕྱོགས་མཚུངས་ལྷ་མོ་ཚོགས་པ་དང་རིག་གཞུང་ཚོགས་པ་གསར་དུ་འཛུགས་མཁན་རྣམས་ལའང་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་ལས་གཞི་ཁག་སྤེལ་མུས་ཡིན། ད་ལྟའི་ཆར་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་ནང་ལས་བྱེད་གཉིས་ཡོད་པ་དང་། ལས་འཆར་གང་ཐུབ་སྤེལ་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད། འོན་ཀྱང་ལས་གཞི་བང་སྒྲིག་དུས་དགོས་མཁོ་དང་འཚམས་པ་ཞིག་ཡོང་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་ལྟར་ཞུ་དགོས་དོན་ནི། བོད་ཀྱི་རིག་གཞུང་ནི་གཏིང་ཟབ་པོ་དང་གཞི་རྒྱ་ཆེན་པོ་ཞིག་ཡིན་སྟབས། ལས་འཆར་དུས་དང་འཚམས་པ་ཞིག་ཡོང་བར་ཕྱོགས་ཚང་མ་ནས་གནས་སྟངས་རྒྱས་ལོན་ཆེད་སྤྱི་ཚོགས་ནང་རིག་གཞུང་ཐོག་ཡུན་རིང་ཞབས་ཞུ་དང་ཉམས་མྱོང་ཡོད་པའི་མི་སྣ་དང་སྒྱུ་རྩལ་བ་ཁག་ནས་སློབ་སྟོན་དང་དགོངས་འཆར་བསྡུ་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེར་བརྟེན་ཐེངས་འདིའི་ཚོགས་འདུ་དེ་བཞིན་དེ་ལྟར་ཡོང་བ་ཡིན་ཞེས་སྙན་སེང་ཞུ་འདོད་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན། ཞེས་པའི་བརྗོད་གཞི་ཐོག་མཁས་པའི་བགྲོ་གླེང་བསྐོང་ཚོགས་གནང་ཡོད། ཆོས་རིག་ལས་ཁུངས་ནས་མཁས་པའི་བགྲོ་གླེང་ཐོག་ཆེད་མངགས་མགྲོན་འབོད་ཞུས་པའི་རང་རེའི་སྤྱི་ཚོགས་ནང་དུས་རྒྱུན་དུ་འགན་བཞེས་མཁན་དང་ཉམས་མྱོང་དང་སློབ་སྦྱོང་སོགས་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པའི་མཁས་དབང་ཉི་ཤུ་རྩ་ལྔ་དེ་རིང་འདིར་གདན་འདྲེན་ཞུས་པའི་ཁོངས་ནས་མཁས་དབང་གཉིས་ཙམ་མ་གཏོགས་གཞན་ཚང་མ་ཕེབས་ཐུབ་འདུག དེར་བརྟེན་བཀའ་ཤག་སྐབས་ ༡༦ དང་། ང་རང་སྒེར་གྱི་ངོས་ནས་ཆོས་རིག་ལས་ཁུངས་ཀྱི་མགྲོན་འབོད་ལྟར་རྣམ་པ་ཚོས་གནད་འགག་ཆེན་པོར་གཟིགས་ཏེ་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་ཡིན།ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆོས་དང་རིག་གཞུང་ལ་ཧ་ཅང་ཐུགས་ཕན་གསོ་བའི་ཕྱག་ལས་གནང་ཐུབ་རྒྱུ་མེད་པ་རྣམ་པ་ཚོ་ཚང་མས་མཁྱེན་གསལ་རེད། ལྷག་པར་ཆོས་དང་འབྲེལ་བའི་གནས་ཚུལ་ཡིན་ན། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་སོ་སོའི་འགྲོ་ལུགས་འགྲོ་ལྟངས་དང་འཛིན་སྐྱོང་གནང་སྟངས། འཚོ་རྟེན་བཅས་སོ་སོའི་འགན་བཞེས་ཏེ་གནང་བཞིན་ཡོད། བསླབ་པ་སློབ་གཉེར་ཡིན་ནའང་ཆོས་བརྒྱུད་སོ་སོས་གནང་བཞིན་ཡོད་སྟབས། ཆོས་རིག་ལས་ཁུངས་ནས་ཐེ་བྱུས་གནང་རྒྱུ་སྔ་མོ་ནས་བོད་ནང་འགྲོ་སྟངས་མེད་པ་མ་ཟད། ད་ལྟ་བཙན་བྱོལ་ནང་དུའང་ཆོས་རིག་ལས་ཁུངས་ནས་ཐེ་བྱུས་གནང་སྟེ་ལས་གཞི་བརྩམ་རྒྱུ་སོགས་གནང་སྲོལ་མེད། མ་འོངས་པར་དེ་ཚོའི་ཐོག་ཆོས་རིག་ལས་ཁུངས་ནས་གནང་ཐུབ་མིན་ག་འདྲ་ཆགས་ཀྱི་ཡོད་པའི་གནས་སྟངས་ཤིག་རེད། དེར་བརྟེན་ད་བར་སྔར་སྲོལ་རྒྱུན་འཛིན་གནང་སྟེ་འགྲོ་བཞིན་ཡོད།ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ནང་ཆོས་དང་སྐད་ཡིག་ཐོག་འབད་བརྩོན་མང་དག་ཅིག་གནང་བཞིན་ཡོད། རིག་གཞུང་གི་ནང་ནས་ཡལ་ལ་ཉེ་བའི་སྒྱུ་རྩལ་དང་རིག་རྩལ་སོགས་ཀྱི་ཐོག་འགན་བཞེས་ཐུབ་ན་སྙམ་སྟེ་འཆར་གཞི་འདི་བཏོན་པ་རེད། ད་བར་བོད་པའི་སྤྱི་ཚོགས་ནང་རིག་རྩལ་དང་སྒྱུ་རྩལ་མི་འདྲ་བ་ཕྱག་བསྟར་གནང་བཞིན་པ་དེ་དག་སེམས་ཤུགས་འཕར་སླད་དངུལ་འབོར་ཆུང་ཆུང་དེ་འདྲ་འབུལ་བ་ལས་ལྷག་ཆོས་རིག་ལས་ཁུངས་ནས་དམིགས་སུ་བཀར་ནས་གང་ཡང་གནང་ཐུབ་ཀྱི་མེད། ང་ཚོའི་འཐབ་རྩོད་ཐོག་ནས་ཆ་བཞག་པ་ཡིན་ནའང་ཕྱི་ལོ་ ༢༠༡༡ ལོར་ཕྲན་རང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་པའི་ཆོས་དང་རིག་གཞུང་དར་སྤེལ་ཡག་པོ་བྱས་ཐུབ་པ་ཡིན་ན། འཐབ་རྩོད་ཀྱི་ལས་འགན་ཆེན་པོ་ཞིག་གྲུབ་པ་རེད། ཅེས་བཀའ་ཕེབས་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གང་བྱེད་ཐུབ་པ་འདུག་ཅེས་བསམ་བློ་གཏོང་ཡོང་དུས་ང་ཚོའི་ངོས་ནས་ཁོར་ཡུག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག་བསམ་གྱི་འདུག
ད་ལྟའི་བཀའ་ཤག་གི་ངོས་ནས་འདས་པའི་ལོ་ངོ་དྲུག་ཅུ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་པ་དང་། རྒྱ་གར་གཞུང་གིས་མཐུན་རྐྱེན་སྦྱར་ནས་བོད་མི་གནས་སྡོད་ས་གནས་མང་དག་ཅིག་བཙུགས་ཐུབ་པ་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་བོད་མིའི་ཐུན་མོང་མིན་པའི་ཁྱད་ཆོས་ཆ་ཚང་སྟེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སོ་སོའི་ནང་སློབ་གྲྭ་དང་། ཆོས་སྡེ། རིག་གཞུང་གི་བསྟི་གནས་བཅས་སྣ་ཚོགས་བཙུགས་ཏེ་ད་བར་རྒྱུན་འཁྱོངས་ཐུབ་པ་བྱུང་ཡོད། དེ་དག་ཚང་མ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལམ་སྟོན་དང་། དེ་བཞིན་བསྟན་བདག་བླ་ཆེན་རྣམ་པ། སྒྲིག་འཛུགས་ཁག གང་ཟག་སྒེར་སོ་སོ་ཡིས་དོ་སྣང་གནང་བར་བཅས་ལ་བརྟེན་ནས་ཚགས་ཚུད་པོ་ཡོང་བཞིན་ཡོད།ཉེན་ཁ་ནི་ད་ལྟའི་ཁྱོན་ཡོངས་ཀྱི་སྤྱི་ཚོགས་གནས་བབ་ཁྲོད་ནས་རང་རེའི་རིག་གཞུང་གནས་བབ་ག་འདྲ་ཆགས་ཡོད་མེད་ཆ་ཤས་ཤིག་ཆགས་ཀྱི་ཡོད། དེར་བརྟེན་འདས་པའི་ལོ་ངོ་དྲུག་ཅུ་རིང་འགྲིག་པ་དེ་མ་འོངས་པར་འགྲིག་གམ་མི་འགྲིག་ཟེར་རྒྱུའི་ཐོག་སླེབ་ཡོད། མི་འབོར་ལ་ཆ་བཞག་པ་ཡིན་ནའང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་ ༢༨༨ ཡས་མས་ཡོད་སྐོར་གསུང་བཞིན་ཡོད་པའི་ནང་གྲྭ་བཙུན་ཉུང་དུ་ཕྱིན་མི་འདུག འོན་ཀྱང་མི་རིགས་གཅིག་པ་ཧི་མ་ལ་ཡ་རི་རྒྱུད་ནས་ཡིན་པའི་གྲངས་འབོར་མང་དུ་ཕྱིན་ཡོད། པདྨ་ཆོས་འབྱོར་མཆོག་ཆོས་རིག་བཀའ་བློན་ཡིན་པའི་སྐབས་གྲོས་ཚོགས་སུ་ལས་བསྡོམས་སྐྱོར་བའི་སྐབས་ཕལ་ཆེར་བོད་པའི་གྲྭ་བཙུན་བརྒྱ་ཆ་ ༤༢ ཙམ་དང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་གྲྭ་བཙུན་བརྒྱ་ཆ་ ༥༢ ཙམ། གྲྭ་བཙུན་གྱི་གྲངས་བསྡོམས་སྟོང་ཕྲག་བཞི་བཅུ་ཞེ་གཉིས་ཡས་མས་རེད། ད་ཆ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་སྐྱེས་ནས་དགོན་པར་འཛུལ་ཞུགས་བྱེད་མཁན་རེ་བཟུང་མ་གཏོགས་ཧ་ཅང་ཉུང་ཉུང་རེད་འདུག ཅེས་དང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བཙན་བྱོད་བོད་མིའི་གཞིས་ཆགས་ཁག་ཏུ་ཚོང་ལས་དང་ལུས་སེམས་འཕྲོད་བསྟེན་གྱི་སྦྱོང་བརྡར་བསྟི་གནས་ (Marketing Strategy and Holistic Wellness Centre) དེ་འདྲ་བཟོ་ཐུབ་པ་ཡིན་ན་ཕྱིའི་མི་རང་བཞིན་ཡོང་གི་རེད་ལ། དེ་བརྒྱུད་ནས་བོད་པའི་རིག་གཞུང་ལའང་བོད་པ་དང་ཕྱིའི་མིས་དོ་སྣང་བྱ་རྒྱུ་ཡིན་པའི་སྐོར་ང་ཚོས་རྒྱ་ཆེ་ས་ནས་བསམ་བློ་གཏོང་བཞིན་ཡོད། ཐེངས་འདིའི་ཚོགས་འདུ་དེ་འཐབ་བྱུས་ཀྱི་ཚོགས་འདུ་ལྟ་བུ་རེད། འཕྲལ་ཕུགས་རྒྱང་གསུམ་གྱི་ཆེད་དུ་ང་ཚོས་འཆར་གཞི་ག་རེ་སྒྲིག་ན་ཡག་ས་རེད། དེ་ཚོའི་སྐོར་རྣམ་པ་ཚོས་དགོངས་ཚུལ་གསུང་རོགས་གནང་། གལ་ཆེ་ཤོས་དེ་བོད་པའི་གཞོན་སྐྱེས་རྣམས་ལ་སྙོབ་ཐུབ་པ་ཞིག་དགོས་ཀྱི་ཡོད། ང་ཚོའི་མི་རབས་འདི་མཚམས་སྦྱོར་གྱི་མི་རབས་རེད། མཚམས་སྦྱོར་གྱི་མི་རབས་ཡིན་པའི་ཆ་ནས་ང་ཚོས་འགན་ཡག་པོ་འཁུར་ཐུབ་པ་ཡིན་ན་མི་རབས་རྗེས་མ་རྣམས་ལ་རྩིས་སྤྲོད་ཡག་པོ་བྱ་ཐུབ་ཀྱི་རེད། དེ་ལྟར་བྱུང་ན་བོད་མིའི་འཐབ་རྩོད་ག་ཚོད་འགོར་ཡང་རྒྱུན་གནས་ཐུབ་ཀྱི་རེད། ང་ཚོ་དེང་དུས་ཀྱི་འཕྲུལ་ཆས་དང་མཉམ་དུ་འགྲོ་དགོས་པ་དེ་ཡང་གལ་ཆེན་པོ་རེད།
དེ་རིང་རྣམ་པ་ཚོས་དགོངས་ཚུལ་གསུངས་པ་དེ་དག་ཆོས་རིག་ལས་ཁུངས་ནས་གནད་དོན་རེ་རེ་བཞིན་ཐོ་བརྒྱབ་ནས་དངོས་ཡོད་གནས་ཚུལ་དང་མཐུན་པ་རྣམས་མ་འོངས་ལས་འཆར་གྱི་ངོ་བོར་བང་བསྒྲིགས་ནས་རྒྱུན་སྐྱོང་ཞུ་རྒྱུ་ཡིན། ལས་གཞི་གང་ཞིག་སྤེལ་བ་ཡིན་ནའང་དཔལ་འབྱོར་གྱི་མཐུན་རྐྱེན་དགོས་ཀྱི་ཡོད་སྟབས་དཔལ་འབྱོར་གྱི་གནས་བབ་དང་བསྟུན་ནས་འགྲོ་དགོས་པ་རེད། རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་རིག་གཞུང་གཅེས་སྐྱོང་དང་བདག་གཉེར་གནང་ཕྱོགས་སྐོར་ལམ་སྟོན་གནང་བ་ཡིན་ན། མ་འོངས་པར་ང་ཚོས་ལས་གཞི་བང་བསྒྲིག་པར་ཐུགས་ཕན་གསོ་ངེས་རེད་བསམ་གྱི་འདུག རྣམ་པ་ཚོས་ལས་གཞི་ལག་བསྟར་བྱེད་ཐུབ་པའི་ཐོག་དགོངས་ཚུལ་གསུངས་པ་ཡིན་ན་ཐུགས་ཕན་གསོ་ས་རེད། ཅེས་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་ནང་གི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག འཚོ་བ་སྐྱེལ་སྟངས་སོགས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་ལས་བཟང་དུ་འགྲོ་ཡི་མི་འདུག ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་གཅིག་སྡུད་བྱས་ཏེ་མི་རིགས་གཅིག སྐད་ཡིག་གཅིག རིག་གཞུང་གཅིག་ཅེས་སྲིད་བྱུས་འཛིན་བཞིན་ཡོད་སྟབས་མི་རིགས་གཞན་གྱི་རིག་གཞུང་རྩ་བརླག་གཏང་རྒྱུའི་བསམ་བློ་ཡོད་པ་གསལ་པོ་རེད། རྣམ་པ་ཚོས་ཆོས་རིག་ལས་ཁུངས་ནས་སྲིད་བྱུས་དང་ལས་གཞི་ལག་བསྟར་གནང་འོས་པ་དང་གནང་ཐུབ་པའི་ཐོག་དགོངས་ཚུལ་གསུངས་པ་ཡིན་ན་ཐུགས་ཕན་གསོ་ས་རེད། བཀའ་ཤག་དང་ཆོས་རིག་ལས་ཁུངས་ངོས་ནས་འབོད་སྐུལ་ཞུས་པ་ལྟར་རྣམ་པ་ཚོ་ཚོགས་འདུར་ཕེབས་པར་སླར་ཡང་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།