༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་ནས་བཀོད་སྒྲིག་གནང་བ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༨ ཉིན་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་ཟུང་དྲུང་མི་འགྱུར་གཡུ་སྒྲོན་ལགས་ལས་བཅར་ཞུས་ཏེ་དྲུང་ཆེའི་ལས་འགན་རྩིས་ལེན་ཞུས་ཡོད། ཟུང་དྲུང་མི་འགྱུར་གཡུ་སྒྲོན་ལགས་ནི་ཕྱི་ལོ་ ༢༠༠༦ ལོར་གཞུང་ཞབས་འདེམས་ལྷན་གྱི་ཡིག་རྒྱུགས་ཀྱི་ལམ་ནས་དྲུང་ལས་གནས་རིམ་ཐོག་ཏུ་བསྐོ་གཞག་སྩལ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁུངས་དབུས་སྣེ་ལེན་ཁང་དང་། ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། དབུས་འོས་བསྡུ་ལས་ཁུངས། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྒང་ཏོག་ས་གནས་འགོ་འཛིན་དང་སིམ་ལ་སྤྱི་ཁྱབ་འགན་འཛིན་བཅས་ཀྱི་ཞབས་ཞུ་འགན་འཁུར་ཞུས་ཡོད་ཅིང་། དེའི་བར་ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ བར་ལོ་གཉིས་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འོག་ཐའེ་ཝན་ཀྲུང་ཧྭ་མཐོ་སློབ་ (Chung Hua University) ནས་ལོ་གཉིས་རིང་རྒྱ་ཡིག་སློབ་སྦྱོང་བྱས་ཡོད།དེ་ནས་ཟླ་འདིའི་ཚེས་ ༢༡ ཉིན་རྒྱབ་ཆུ་ཚོད་ ༣།༠༠ པའི་ཐོག་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཡིག་ཚང་དུ་ཐའེ་ཝན་བོད་རིགས་ཚོགས་པ་སྐབས་ ༩ པ་དང་། ༡༠ པའི་རྒྱུན་ལས་འཕོ་འགྱུར་གྱི་མཛད་སྒོ་ཞིག་བསྐྱངས་ཡོད་ཅིང་། སྐུ་ཚབ་དོན་གཅོད་ཀྱིས་ཐོག་མ་དོན་ཁང་གི་དྲུང་ཆེ་གསར་པ་དང་ལྟ་གྲུབ་རྒན་གསར་པ་ངོ་སྤྲོད་དང་འབྲེལ། ཐའེ་སྡོད་བོད་རིགས་ཚོགས་པའི་སྐབས་ ༩ པའི་རྒྱུས་ལས་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་སེམས་ཁོངས་སུ་བཅང་སྟེ་ལས་དོན་ཧུར་ཐག་བསྒྲུབ་པར་བསྔགས་བརྗོད་དང་། གསར་ཐོན་སྐབས་ ༡༠ པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པས་མུ་མཐུད་ལས་དོན་རྒྱུན་སྐྱོང་དང་། དོན་གཅོད་ལས་ཁུངས་ཀྱི་ལས་དོན་ཐོག་ལ་ཕྱར་གྲུ་མཉམ་འདེགས་ཡོང་བའི་འཚམས་འདྲི་དང་རེ་བ་ཞུས་པ་དང་ཆབས་ཅིག་རྒྱུན་ལས་རེ་རེ་བཞིན་དྲུང་ཆེར་ངོ་སྤྲོད་གནང་།
དེ་ནས་སླེབས་ལ་ཉེ་བའི་མང་གཙོ་དུས་ཆེན་གྱིས་གཙོས་ལས་འགུལ་ཁག་སྤེལ་ཕྱོགས་ཐད་གོ་བསྡུར་ཞུས་པ་དང་། ཚོགས་གཙོ་གསར་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ད་ལོའི་མང་གཙོ་དུས་ཆེན་དེ་བཞིན་ཐའེ་ཝན་གྲོས་ཚོགས་ཚོགས་ཁང་དུ་ཚུགས་ཐབས་ཀྱི་གྲོས་མགོ་བཏོན་པར་ཚང་མས་གོ་བསྡུར་ལྷུག་པོ་ཞུས་ཏེ་དེ་དོན་གྲ་སྒྲིག་བྱ་རྒྱུའི་ཐག་གཅོད་ཞུས།དེ་ནས་དྲུང་ཆེ་གསར་པ་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་སོ་སོའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་ཞུས་པ་དང་སྦྲགས་རྒྱུན་ལས་རྣམས་དང་མཇལ་ནས་དགའ་སྤོབས་དང་མ་འོངས་ལས་དོན་མཉམ་རུབ་ཀྱི་ལམ་ལྷོངས་ཡོང་བའི་རེ་བའང་ཞུས།
དེ་རྗེས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དོན་ཁང་གི་འདས་མ་འོངས་ད་ལྟའི་ལས་དོན་ཁག་ངོ་སྤྲོད་ཞུས་པ་དང་། དེ་རྗེས་རྒྱུན་ལས་ཚོས་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་དང་། ལྟ་གྲུབ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་ལ་བཀྲ་ཤིས་རྟེན་འབྲེལ་གྱི་མཇལ་དར་ཕུལ་ཅིང་། སྐུ་ཚབ་དོན་གཅོད་ཀྱིས་རྒྱུན་ལས་ཚང་མར་མཇལ་དར་ཕུལ་བ་དང་། ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་དྲན་རྟེན་མཉམ་པར་སྒྲོན་ཏེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
དགོང་མོ་ཆུ་ཚོད་ ༥།༣༠ སྟེང་དོན་གཅོད་ལས་ཁུངས་ནས་སྐབས་ ༡༠ པའི་རྒྱུན་ལས་ཚོར་ཞལ་ལག་སྟབས་བདེ་ཞིག་བཀྱག་པ་དང་། ཐའེ་སྡོད་བོད་རིགས་ཚོགས་པ་སྐབས་ ༡༠ པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་དང་། ཚོགས་གཞོན་བསྟན་འཛིན་རྣམ་དག་ལགས་འདེམས་ཐོན་བྱུང་ཡོད་ཅིང་། རྒྱུན་ལས་གཞན་བདུན་ནང་ཁུལ་ལས་བགོས་དང་མིང་བྱང་བཟོ་རྗེས། མ་འོངས་པར་ཐའེ་ཝན་སྤྱི་ལ་ཁྱབ་པའི་ཚོགས་པ་ཞིག་ཏུ་བསྒྱུར་རྒྱུའི་ཆར་གཞི་སྒྲིག་རྒྱུ་བཅས་ཐག་གཅོད་བྱུང་ཡོད་པ་རེད།