༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་
དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་ནི། བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། བོད་དུ་སློབ་གྲྭ་ཆུང་འབྲིང་མཐོ་རིམ་དང་བཅས་གང་འཚམས་འགྲིམས་རྗེས། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་འཛུལ་བཞུགས་བྱས། དེ་རྗེས་ཟླ་བ་ལྔ་ཙམ་སློབ་གཉེར་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་བོད་དུ་ཕྱི་ལོ་ ༡༩༥༨ ལོར་ལྷ་རམས་རྩེ་ཕུད་དང་པོ་བཞེས་མཁན་དགེ་བཤེས་བློ་བཟང་དབང་འདུས་རིན་པོ་ཆེ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་སྐུ་མདུན་གྱི་དྲུང་དུ་སྐྲ་ཕུད་དང་སྡོམ་པ་ཞུས་པ་དང་། ཆོས་མིང་དུ་བསྟན་འཛིན་རྣམ་གྲོལ་ཞེས་བཀའ་དྲིན་སྩལ་ཡོད། ལོ་དེ་ག་རང་དུ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཁྲི་འདོན་མཛད་སྒོ་བསྐྱངས་པ་དང་། དེ་ནས་ནང་ཆོས་རྨང་གཞི་ནས་གཞུང་ཆེན་བཀའ་པོད་ལྔར་སྦྱོང་བརྩོན་མཐར་ཕྱིན་བྱས་ཏེ། ཕྱི་ལོ་ ༢༠༡༠ ལོར་ལྷ་རམས་དགེ་བཤེས་ཨང་རིམ་དང་པོའི་གྲྭ་བསྐོར་དམ་འཇོག་དང་། ཕྱི་ལོ་ ༢༠༡༡ ལོར་གྲྭ་ཚང་གི་ཐོབ་ཁུངས་ལྟར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས། གསང་སྔགས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་རྣམས་སློབ་སྦྱོང་ཞུས་རྗེས། སྔགས་རམས་པའི་དགེ་བཤེས་དམ་འཇོག་ཨང་རིམ་དང་པོ་བཞེས།
ཕྱི་ལོ་ ༢༠༡༢ ལོར་རིན་པོ་ཆེ་མཆོག་གིས་གྲྭ་ཚང་སློབ་གཉེར་དགེ་རྒན་གྱི་འགན་བཞེས་པ་དང་། ལོ་མཇུག་ཏུ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐའེ་ཝན་དུ་གཞུང་འབྲེལ་རྒྱ་ཡིག་སློབ་སྦྱོང་དུ་བཏང་གནང་བ་ལྟར། ཐའེ་ཝན་གཞུང་གཉེར་ཀྲུང་ཧྲན་སློབ་གྲྭ་ཆེ་མོ་དང་། ཐའེ་པེ་དགེ་འོས་སློབ་གྲྭའི་རྒྱ་ཡིག་སློབ་སྦྱོང་སྡེ་ཚན་དུ་ཁྱོན་ལོ་གཉིས་རིང་རྒྱ་ཡིག་སློབ་སྦྱོང་བྱས།
ཕྱི་ལོ་ ༢༠༡༥ ལོར་ཐའེ་ཝན་ཆོས་འོད་ནང་བསྟན་ཞིབ་འཇུག་ཁང་གིས་གདན་ཞུས་གནང་བ་ལྟར། ཞིབ་འཇུག་ཁང་དེར་ནང་ཆོས་དང་བོད་ཡིག་དགེ་རྒན་གྱི་འགན་བཞེས་ཏེ་ནང་ཆོས་ཀྱི་སློབ་ཚན་འདྲ་མིན་འཁྲིད་བཞིན་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཐའེ་ཝན་ཞོན་ཙང་སློབ་གྲྭ་ཆེ་མོར་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཚུད་དེ། ཕྱི་ལོ་ ༢༠༢༠ ལོར་རྒྱ་ཡིག་གི་ལམ་ནས་ཞིབ་འཇུག་སློབ་མའི་ལག་འཁྱེར་ཐོབ་ཡོད་པ་རེད།
ཕྱི་ལོ་ ༢༠༢༡ ལོར་ཐའེ་ཝན་གཞུང་གཉེར་ཆབ་སྲིད་སློབ་གྲྭ་ཆེ་མོའི་ཆོས་ལུགས་ཞིབ་འཇུག་སྡེ་ཚན་གྱི་འབུལ་རམས་པའི་འཛིན་གྲྭར་ཡིག་རྒྱུགས་འཕྲོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་དོན་ཁང་གི་ལྟ་གྲུབ་སློབ་དཔོན་དུ་རྒྱུགས་འཕྲོད་བསྐོ་གཞག་བྱུང་སྟེ་ད་ལྟ་ལས་བཅར་ཞུས་ཡོད་པ་བཅས། །