༄༅། །རྒྱ་གར་ལྷོ་ཕྱོགས་ཁུལ་དུ་རྟེན་གཞི་བྱས་པའི་ཐའེ་ཝན་གྱི་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་(Taipei Economic and Cultural Centre) གི་སྤྱི་ཁྱབ་ངེས་སྟོན་པ་ཝང་པེ་ཕིང་(Ben Wang) ལགས་དང་ངེས་སྟོན་པ་གཞོན་པ་ལའོ་རན་ཊི་ལིག་(Laurent Liu) ལགས་ཀྱིས་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་དུ་ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་༢༢ ཉིན་གྱི་སྔ་དྲོ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་ཐུག་འཕྲད་གནང་འདུག
དེ་ཡང་ཐུག་འཕྲད་སྐབས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་དྲུང་ཡིག་བསྟན་འཛིན་ཚེ་འཕེལ་ལགས། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་སྐུ་ཚབ་དྲུང་ཡིག་དགེ་བཤེས་བྱམས་པ་རྒྱལ་མཚན་ལགས་དང་དགེ་བཤེས་བྱམས་པ་སྟོབས་རྒྱལ་ལགས་བཅས་ནས་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ཝང་པེ་ཕིང་ལགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་གནས་མཛད་པའི་སྟོན་པའི་སྐུ་བརྙན་ཞིག་དང་། སྟོན་པའི་སྐུ་བརྙན་གྱི་མདུན་དུ་བཞུགས་ཡོད་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཐང་ཞིག་བཅས་ཕུལ་གནང་ཡོད།ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ངེས་སྟོན་པ་ཝང་པེ་ཕིང་ལགས་ལ་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས་དང་། དེ་བཞིན་གཞིས་ལུས་བོད་མིའི་གནས་སྟངས་དང་མངོན་འདོད། གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་ཡོང་ཐུབ་པའི་གདེང་ཚོད་ཡོད་པ། བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཞུ་བཞིན་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད། གཞན་ཡང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ཝང་པེ་ཕིང་ལགས་ནས་ལས་ཁུངས་སུ་མགྲོན་འབོད་གནང་བ་དང་། དེ་བཞིན་ཕན་ཚུན་ཐུན་མོང་གི་ཁེ་ཕན་དོན་དུ་བསམ་ཚུལ་སྤེལ་རེས་ཀྱི་གོ་སྐབས་དང་ཉིན་གུང་གི་གསོལ་ཚིགས་གོ་སྒྲིག་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།ཕྱོགས་མཚུངས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ཝང་པེ་ཕིང་ལགས་ཀྱིས་གཙོས་འབྲེལ་ཡོད་སྐུ་ཚབ་རྣམས་ལ་མགྲོན་འབོད་ཞུས་གནང་བར། ངེས་སྟོན་པ་ཝང་པེ་ཕིང་ལགས་ཀྱིས་དགའ་ཚོར་ཆེན་པོའི་སྒོ་ནས་ཞལ་བཞེས་གནང་བ་དང་འབྲེལ་བཙན་བྱོལ་བོད་མི་རྣམས་ཀྱིས་བཙན་བྱོལ་དུ་བོད་པའི་རིག་གཞུང་དང་ངོ་བོ་བཅས་མི་ཉམས་རྒྱུན་འཛིན་གནང་དང་གནང་བཞིན་པར་ཡིད་སྨོན་གནང་ཡོད་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་གནང་ཡོད་པ་བཅས།།