༄༅། །བོད་ཀྱི་དུས་བབ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཉིན་བརྒྱའི་རྡུང་རྡེག་ཚ་ནན་གཏོང་བའི་འགུལ་སྐྱོད་ཟེར་བ་ལག་བསྟར་བྱེད་མུས་ཡིན་པ་ལྟར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་རྒྱུ་མཚན་ཅི་ཡིན་གསལ་ཁ་མེད་པར་བོད་མི་ ༦ བཙན་འཁྲིད་བྱས་འདུག
བོད་རང་སྐྱོང་ལྗོངས་ཁོངས་ཀྱི་མལ་གྲོ་གུང་དཀར་རྫོང་དང་འདམ་གཞུང་རྫོང་། སྙེ་མོ་རྫོང་། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་བཅས་ཀྱི་ནང་ཉིན་བརྒྱའི་རྡུང་རྡེག་ཚ་ནན་གཏོང་བའི་འགུལ་སྐྱོད་ཅེས་པའི་བཙན་གནོན་ལས་འགུལ་འོག་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་སྣེ་འཁྲིད་དེ། གནས་ཁུལ་ཁག་ཏུ་སྔར་ལས་དམ་དྲག་རྟོག་ཞིབ་དང་ཉེས་མིང་སྣ་ཚོགས་འོག་གང་བྱུང་ཞིབ་བཤེར་འཛིན་བཟུང་གི་བྱ་འགུལ་སྤེལ་བཞིན་ཡོད་འདུག ཕྱི་ཟླ་ ༧ ཚེས་ ༣༡ ཉིན་འདི་གར་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་གནང་བ་ལྟར་ན། རྡུང་རྡེག་བཙན་གནོན་གྱི་བྱ་འགུལ་དེའི་འོག་ནས་ཉིན་གྲངས་ ༣ ནང་བོད་མི་ ༦ བཙན་འཁྲིད་བྱས་ཏེ་བཀག་ཉར་འོག་ཡོད་ཀྱང་། ད་ལྟའི་ཆར་ཁོང་ཚོ་ཅིའི་ཕྱིར་བཙན་འཁྲིད་བྱས་ཡིན་པ་སོགས་ཁྱིམ་མི་ཚོས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད།
གནས་ཚུལ་མཁོ་སྤྲོད་པས། ཉེ་སྔོན་ཟླ་གཅིག་གི་ནང་ལ་རྒྱ་ནག་གཞུང་གི་དྲ་རྒྱའི་བདེ་ཐང་དམངས་ཀྱི་ཆེད། དྲ་རྒྱ་བདེ་ཐང་དམངས་ལ་བརྟེན་ཞེས་པའི་འབོད་ཚིག་དང་འཕྲེད་དར་འཕྱར་ཏེ། ལྷ་ས་ཁུལ་གྱི་ས་གནས་གང་སར་དམག་མི་སྔར་ལྷག་མངག་གཏོང་དང་། མི་མང་ལ་ཚོགས་འདུ་བསྡུས་ཏེ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་ནང་མི་ཉེ་འབྲེལ་དང་ཚོང་རོགས་ངོ་ཤེས་སོགས་ལ་འབྲེལ་འདྲིས་བྱེད་པ་དང་། རྒྱལ་ཁབ་ཀྱི་བད་ེའཇགས་ལ་གནོད་འཚེ་གཏོང་བ། སྤྱི་ཚོགས་ནང་ཟང་ཟིང་སློང་བའི་བྱ་སྤྱོད་རིགས་སྤེལ་ཚེ། ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་དང་སྦྲགས། དམིགས་བསལ་གྱིས་བོད་མིར་དོགས་ཟོན་བྱས་ཏེ་འདྲི་རྩད་དང་། སྒེར་གྱི་ཁ་པར་དང་ཁྱིམ་དུ་གང་བྱུང་སྔོག་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།
རྒྱ་གར་ནང་ཡོད་པའི་ཕ་ཡུལ་མངའ་རིས་དང་གཞིས་ཀ་རྩེ་ནས་ཡིན་པའི་བོད་མི་གཉིས་ཀྱིས་འདི་གའི་གསར་འགོད་པར། སྔོན་ཆད་ནང་མི་སྤུན་མཆེད་ཚོར་སྐད་ཆ་བཤད་ཀྱི་ཡོད་ཀྱང་རྗེས་སུ་སྐད་ཆ་བཤད་ན་ཉེན་ཁ་ཡོད་སྐོར་བརྗོད་ཀྱི་འདུག་ལ། ཉེ་སྔོན་སྤུན་མཆེད་ཚོར་འབྲེལ་བ་ག་ཚོད་བྱས་ཀྱང་མཐུད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་ལ། བོད་ནང་དུ་ཡོད་པའི་བོད་མི་ཚོར་ཕྱི་རྒྱལ་དུ་ཡོད་པའི་ནང་མི་གཉེན་འབྲེལ་དང་ངོ་ཤེས་གྲོགས་པོ་སོགས་ལ་འབྲེལ་བ་བྱེད་པར་བཀག་སྡོམ་དང་འཇིགས་སྐུལ་ཉེན་བརྡ་རིགས་བསྟུད་མར་གཏོང་གི་ཡོད་པ་རེད།
ཉིན་བརྒྱའི་རྡུང་རྡེག་ཚ་ནན་གཏོང་བའི་འགུལ་སྐྱོད་དམ། ཉིན་བརྒྱའི་ལས་འགུལ། ཉིན་བརྒྱའི་བྱ་སྤྱོད་ཅེས་པའི་བཙན་གནོན་གཅར་རྡུང་གཏོང་བའི་བྱ་འགུལ་དེ་ནི་ཧ་ལམ་ལོ་འཆར་ཅན་ལྟར་སྤེལ་བཞིན་པ་ཞིག་ཡིན་ལ། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་རྒྱ་ནག་རྒྱལ་ཡོངས་ཉེན་རྟོག་ཚན་པས་༼ དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་རྡུང་རྡེག་གི་ཉིན་བརྒྱའི་བྱ་སྤྱོད། ༽ ཅེས་པར་སྐུལ་སློང་གི་ཚོགས་འདུ་བསྡུས་ཡོད་པ་དང་། ཚོགས་ཐོག་ཏུ་ཐོག་མཐའ་བར་གསུམ་དུ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་། རང་འགུལ་ཐོག་ཕར་རྒོལ་བྱེད་པ། ངན་པ་གཙང་ཕྱག་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས། ནག་ཚོགས་སྟོབས་ཤུགས་ཀྱི་ཚོགས་པ་མཐའ་གཅིག་ཏུ་རྩ་མེད་བཟོ་དགོས་པ། ནག་ཚོགས་སྟོབས་ཤུགས་ལ་འགེབ་སྲུང་བྱེད་མཁན་ལ་ཆད་པ་ནན་པོ་གཅོད་དགོས་ཞེས་དང་། སྤྱི་ཚོགས་ཀྱི་ངོས་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ཉེན་རྟོག་པ་ཁྲོམ་ལམ་དུ་སྲུང་སྐྱོང་བྱེད་པར་མངགས་གཏོང་བྱེད་པ་དང་སྡེ་ཁུལ་གྱི་ལས་ཀའི་ཁྲོད་ཟབ་ཞུགས་བྱས་ནས། མང་ཚོགས་ལ་རྩ་འཛུགས་སྐུལ་སློང་གང་དྲགས་ཀྱིས་སྤྱི་ཚོགས་བདེ་འཇགས་ཀྱི་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས་པ་སྤྱི་དང་། ལྷག་པར་དུ་དབྱར་དུས་བདེ་འཇགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། གཙོ་གནད་ཁུལ་དང་ས་ཁོངས་ཀྱི་མཚན་མོའི་སྐོར་ཞིབ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་སྐོར་སོགས་བརྗོད་འདུག །