༄༅། །འདི་གར་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་མདུན་དུ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་ཀ་སྦུག་གྲོས་ཚོགས་འཐུས་མི་རུ་ཌཱན་སཱ་དཱ་ལེབ་ཅ་ (Shri Rudan Sada Lepcha) ལགས་དང་། དམིག་བསལ་སྐུ་མགྲོན་དུ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཞོན་བྷིམ་ཨ་གྷར་ཝལ་ (Shri Bhim Agarwal) ལགས། ས་གནས་སྐོར་སྲུང་སྤྱི་ཁྱབ་གཞོན་པ་ཇུ་གྷལ་ཅནྡྲ་བྷིས་ཝས་ (Shri Jughal Chandra Biswas) ལགས། བྷོ་ཏི་ཡ་འགན་ལྷན་ཚོགས་གཙོ་ (Shri Rt. Col. D. Dadu) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་བློ་བཟང་ (Shri Lobsang Tamang) ལགས། བྷོ་ཏི་ཡ་འགན་འཛིན་ལྷན་ཚོགས་ལམ་སྟོན་པ་ཉི་མ་དབང་འདུས་ (Shri Nima Wangdue Bhutia) ལགས་བཅས་སྐུ་མགྲོན་རྣམ་པར་ས་གནས་འགོ་འཛིན་དང་ལས་བྱེད། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ཡན་ལག་སྨན་རྩིས་ཁང་གི་སྨན་པ། ཀ་སྦུག་སཾ་བྷོ་ཌ་སློབ་གྲྭའི་སློབ་སྤྱི། དགོན་སྡེ་ཁག་གི་སྐུ་ཚབ། ཆོལ་གསུམ་ཚོགས་གཙོ། ས་གནས་བུད་མེད་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུ་སྒོ་ཁག་འཐུས་ཚང་ཞུས།དེ་འབྲེལ་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་ས་གནས་འགོ་འཛིན་ལས་ཁུངས་ཡང་སྟེང་དུ་སྐུ་མགྲོན་གཙོ་བོས་རྒྱ་གར་རྒྱལ་དར་སྒྲེང་འཛུགས་དང་སྦྲགས་སཾ་བྷོ་ཌའི་གཏན་ཉིན་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་རྒྱ་གར་རྒྱལ་གླུ་ཕུལ། དེ་ནས་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་རྟེན་འབྲེལ་མཚོན་སླད་སྐུ་མགྲོན་གཞན་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པར་གསོལ་ཇ་དང་བཞེས་ཏོག་འདེགས་འབུལ་དང་། སློབ་ཕྲུག་རྣམས་ལ་མངར་ཟས་བགོ་འགྲེམས་ཞུས།
མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོ་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་མར་མེ་ཞལ་ཕྱེ་གནང་། ས་གནས་འགོ་འཛིན་གྱིས་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་འོག་ད་བར་བོད་མི་རྣམས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཐུབ་པར་གཙོ་བོ་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་དང་མི་མང་གི་བཀའ་དྲིན་ཉག་གཅིག་ཡིན་སྟབས། ས་གནས་བོད་མི་རྣམས་ནས་བཀའ་དྲིན་རྗེས་དྲན་ཞུ་སླད་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ འཁོར་བའི་ཉིན་མོ་དང་བསྟུན་གོ་སྒྲིག་ཞུས་པའི་སྐོར་མཛད་སྒོར་མཉམ་ཞུགས་གནང་མཁན་རྣམས་ལ་ངོ་སྤྲོད་སྙིང་བསྡུས་ཤིག་ཞུས། ས་འཐུས་ཚོགས་གཙོས་དགའ་བསུའི་འཚམས་འདྲི་གསུང་བཤད་གནང་། སྐུ་མགྲོན་གཙོ་བོ་དང་གཞན་རྣམས་ལ་སྒྲོལ་ལྗང་གི་སྐུ་ཐང་རེ་སྟོང་མིན་ཙམ་གྱི་ཕྱག་རྟགས་ཕུལ།དེ་རྗེས་སྐུ་མགྲོན་གཙོ་བོ་དང་བྷོ་ཌི་ཡ་འགན་ལྷན་ཚོགས་གཙོས་དུས་ཚིགས་དང་འབྲེལ་གསུང་བཤད་གནང་། སཾ་བྷོ་ཌའི་སློབ་སྤྱི་སྐལ་བཟང་ཟླ་བ་ལགས་ཀྱིས་ཡུལ་སྐད་ཐོག་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་གངས་ལྗོངས་ཟློས་གར་ནས་གཞས་སྣ་གཟིགས་འབུལ་དང་སྐུ་མགྲོན་གཙོ་བོ་གཙོས་པའི་ཕྱི་ནང་སྐུ་མགྲོན་རྣམས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་བཅས། །