༄༅། །གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་བེལ་ཇམ་ཁུལ་དུ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གི་གནད་དོན་ཞུ་གཏུག་ལེགས་པར་གྲུབ་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༡༧ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཊོན་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༨ ཉིན་རིན་པོ་ཆེ་མཆོག་ཨིན་ཡུལ་སྐུ་ཚབ་དོན་ཁང་དུ་ཕེབས་ཏེ་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་ཡོད་པ་རེད།
ཉིན་རྒྱབ་གླེ་ལུང་ཆོས་ཚོགས་ཀྱི་མགྲོན་འབོད་ལྟར་གཟིག་རྒྱབ་རིན་པོ་ཆེ་མཆོག་ཆོས་ཚོགས་སུ་ཕེབས་ཏེ་དྲན་རྟེན་ལ་རབ་གནས་གནང་གྲུབ་བསྟུན་ཆོས་ཚོགས་ཀྱི་ལས་བྱེད་ཚེ་རིང་པ་སངས་ལགས་ཀྱིས་ཆོས་ཚོགས་སུ་གཟིགས་སྐོར་དུ་འཁྲིད་གནང་བ་མ་ཟད། ཆོས་ཚོགས་ཀྱི་དམིགས་ཡུལ་དང་། ལས་གཞི། བྱུང་རིམ་ལོ་རྒྱུས་སོགས་ངོ་སྤྲོད་གནང་ཡོད། དེ་རྗེས་ཉེ་འཁོར་ན་ཡོད་པའི་གོང་མའི་དམག་གི་འགྲེམས་སྟོན་ཁང་ (Imperial War Museum) དུ་གཟིགས་སྐོར་དུ་ཕེབས་གྲུབ་མཚམས་འཇམ་དབྱངས་ཆོས་ཚོགས་སུ་ཕེབས་ཏེ་ཆོས་ཚོགས་ཀྱི་དགེ་རྒན་དགེ་བཤེས་རྣམ་དག་ལགས་དང་ལྷན་དུ་བཀའ་མཆིད་ལྷུག་པོ་གནང་། ཕྱི་དྲོ་རིན་པོ་ཆེས་ཨིན་ཡུལ་གནས་འཁོད་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Free Tibet) ཞེས་པས་ ༼ མ་འོངས་པར་བོད་བརྒྱུད་ནང་བསྟན་ཇི་ལྟར་སྲུང་སྐྱོབ་བྱེད་དམ། ༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གོ་སྒྲིག་གནང་ཡོད་པ་མ་ཟད་དེ་ཉིད་དྲ་ཐོག་ཐད་སྲིང་ཡང་བཏང་ཡོད་པ་བཅས།།