༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢ ནས་ ༡༣ བར་བ་རཱ་ཛིལ་གྱི་གྲོང་ཁྱེར་སའོ་པོ་ལོ་ (São Paulo) ནང་རྟེན་གཞི་བྱས་པའི་བོད་ཁང་དུ་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་ལྷུན་གྲུབ་རྡོ་རྗེ་ལགས་དང་སྐར་རྩིས་པ་བསྟན་འཛིན་ལྷ་མོ་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་སྨན་རྩིས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་གནང་ཡོད།
དེ་ཡང་ཕྱི་ཟླ་ ༧ ཚེས་ ༢ ཉིན་གོ་རྟོགས་དབུ་འབྱེད་མཛད་སྒོ་ཉིན་མོར་བོད་ཁང་གི་འགན་འཛིན་འཇིགས་མེད་ཚེ་རིང་ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་མི་བཞི་ལས་གྲུབ་པའི་སྨན་རྩིས་སྐོར་སྐྱོད་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སྨན་པ་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་ལུས་སེམས་སྲོག་གི་འབྲེལ་བ་དང་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་གསུང་བའི་ནད་ངོ་བརྟག་དཔྱད་སྐོར་ངོ་སྤྲོད་གསུང་བཤད་གནང་བ་དང་། སྐར་རྩིས་པ་བསྟན་འཛིན་ལྷ་མོ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་འབྲེལ་བ་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད། ཉིན་གྲངས་བཅུ་གཉིས་རིང་གི་ལས་རིམ་སྐབས་སུ་ས་གནས་ཀྱི་འཕྲོད་བསྟེན་ཆེད་ལས་པ་དང་། ནང་པའི་ཆོས་ཚོགས་ཁག་གི་ཚོགས་མི་སོགས་མཉམ་ཞུགས་གནང་ཡོད།གཞན་ཡང་བ་རཱ་ཛིལ་གྱི་གྲོང་ཁྱེར་སའོ་པོ་ལོ་ (São Paulo) ནང་རྟེན་གཞི་བྱས་པའི་སི་རིའོ་ལི་བྷ་ནེ་སི་སྨན་ཁང་ (Hospital Sírio-Libanês) གིས་མགྲོན་འབོད་གནང་བ་ལྟར། སྨན་རྩིས་སྐོར་སྐྱོད་ཚོགས་ཆུང་གི་ཚོགས་མི་རྣམས་སི་རིའོ་ལི་བྷ་ནེ་སི་སྨན་ཁང་དུ་ཆེད་ཕེབས་ཀྱིས་འབྲེལ་ཡོད་ལས་བྱེད་དང་སློབ་ཕྲུག་རྣམས་ལ་བོད་ཀྱི་སྲོལ་རྒྱུན་སྨན་རྩིས་སྐོར་གོ་རྟོགས་སྤེལ་བ་དང་། དེ་བཞིན་ཕྱི་ཚེས་ ༡༤ ནས་ ༡༨ བར་ཁེབ་རུ་ཝ་གྲོང་སྡེ་ (Cabreúva) ནང་ཡོད་པའི་ས་སྐྱ་ཆོས་ཚོགས་སུ་ཉིན་གྲངས་ལྔའི་རིང་སྨན་རྩིས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད།
ཕྱི་ཚེས་ ༢༠ ཉིན་སྨན་རྩིས་ཁང་གི་སྐུ་ཚབ་རྣམས་ཞི་བ་ལྷ་ཚོགས་པར་ (Centro Shiwalha) ཆེད་ཕེབས་ཀྱིས་གོ་བསྡུར་སྦྱངས་བཤད་གནང་ཡོད་པ་བཅས།།