༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་ཡོ་རོབ་སྦེལ་ཇམ་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་གོ་སྒྲིག་འོག་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་གདན་ས་ཆེན་པོ་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་༧སྐྱབས་རྗེ་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་རྗེ་བཙུན་བཀའ་ཆེན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་དཔལ་བཟང་པོ་མཆོག་གིས་ཨན་ཊབ་ (Antwerpen) དུ་ཆགས་པའི་ (Schoten) དགོན་པར་མང་ཚོགས་ལ་སྒྲོལ་དཀར་ཚེ་དབང་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༥།༣༠ བར་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་རིས་མེད་ཀྱིས་བདེན་བཞིའི་བགྲོ་གླེང་ཆེན་པོ་ཐེངས་གསུམ་པ་གོ་སྒྲིག་གནང་ཡོད། དེ་ཡང་མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་གྲུབ་བསྟུན་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་སྦར་སིལ་དོན་ཁང་གི་དྲུང་ཆེ་གཉིས་ནས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་ཟིན་འཕྲལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཅས་སྤྲི་འཁོར་བཏུབ།དེ་རྗེས་གཟིག་རྒྱབ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་གསུང་འདོན་གནང་བ་དང་། བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཚོགས་ཀྱི་འགན་འཛིན་དགེ་བཤེས་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་བདེན་བཞིའི་བགྲོ་གླེང་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་འགྲེལ་བརྗོད་གནང་སྟེ་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་།
ཐོག་མར་གཞོན་སྐྱེས་སློབ་མ་ལྔ་ཡིས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཐུགས་བསྐྱེད་དམ་བཅའ་རྣམ་བཞི་དང་བཀའ་སློབ་ཁག་གཅིག་གྱེར་འདོན་གནང་། སྐུ་མགྲོན་གཙོ་བོ་སྦར་སིལ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་གསུང་དོན། དགེ་བཤེས་ཚེ་བརྟན་ལགས་ཀྱིས་སྔ་ཕྱིར་ནང་ཆོས་ཀྱི་བགྲོ་གླེང་ཐེངས་འགའ་ཤས་གོ་སྒྲིག་ཞུས་ཡོད་ཅིང་། འདི་ལྟ་བུའི་ནང་ཆོས་ཀྱི་བགྲོ་གླེང་འདུ་འཛོམས་བརྒྱུད་ཁ་ཐོར་དུ་གནས་པའི་བོད་མི་རྣམས་མཉམ་འཛོམས་དང་། ལྷག་པར་རང་རེའི་གཞོན་སྐྱེས་རྣམས་ལ་རིག་ལམ་སློབ་འཁྲིད་དང་ནང་ཆོས་ངོ་སྤྲོད་གསལ་ཐིང་ཡོང་ངེས་ལ་སོང་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།ཆོས་རིག་འཛིན་སྐྱོང་ཁང་གི་གཟའ་མཇུག་སློབ་གྲྭའི་ལྟ་གྲུབ་དགེ་རྒན་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་སྟེ་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དབུས་པའི་དགེ་བཤེས་དང་ལྟ་གྲུབ་དགེ་རྒན་རྣམ་པས་བདེན་བཞི་དང་། སྐྱབས་འགྲོ། སེམས་སྐྱེད། ལས་འབྲས་ཀྱི་ཐོག་སྐར་མ་བཅུ་རེའི་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་སོགས་གནང་། མཇུག་ཏུ་བོད་བསྟན་སྲིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་མཐའ་དག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་བདེན་ཚིག་སྨོན་ལམ་དང་༸རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་། ནང་ཆོས་བགྲོ་གླེང་གྲུབ་བསྟུན་མི་མང་འདུ་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་བོད་མི་རྣམས་ལ་དང་བླངས་བོོད་དོན་ཞུ་གཏུག་ལས་འགུལ་སྐོར་ངོ་སྤྲོད་གནང་ཡོད། །