༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇམ་མུ་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇམ་མུའི་དཔོན་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་རྗེས་ཇམ་མུ་རུ་སློབ་གཉེར་གནང་བཞིན་པའི་ལ་དྭགས་ཀྱི་སློབ་ཕྲུག་བཞི་བརྒྱ་བརྒལ་བར་བཟང་སྤྱོད་སྐོར་བཀའ་སློབ་དང་མཇལ་ཁ་སྩལ་ཡོད་པ་དང་། དེ་རྗེས་ཇམ་མུ་ནས་མཁའ་ལམ་བརྒྱུད་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ལ་དྭགས་གླེ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་ཁྲིག་སེ་རིན་པོ་ཆེ་མཆོག འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག རྟོགས་ལྡན་རིན་པོ་ཆེ་མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་སླེའི་སྡེ་དཔོན། ལ་དྭགས་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ། ཨ་མ་ཚོགས་པ། ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་སོགས་འབྲེལ་ཡོད་མི་སྣས་ཕེབས་བསུ་དང་བཅས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་སྒྱུར་སྐབས་ལ་དྭགས་ཀྱི་དགོན་སྡེ་ཁག་དང་། ལ་དྭགས་མི་མང་དང་རང་རིགས་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཡུལ་སྲོལ་སྣ་ཚོགས་ཀྱི་གཟབ་འཆོར་སྤྲས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།ཞི་བའི་ཚལ་ཕོ་བྲང་དུ་༸ཞབས་སོར་འཁོད་རྗེས་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས་དང་། ལ་དྭགས་དགོན་ཚོགས་ཀྱི་གཙོ་འཛིན་རྒན་བཤད་སྒྲུབ་བྱམས་པ་ལགས་རྣམ་གཉིས་ཀྱིས་རིམ་པར་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཡང་བསྐྱར་ལ་དྭགས་སུ་སླེབ་པ་རེད། མི་མང་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཆོས་ཕྱོགས་དང་མིའི་འགྲོ་སྟངས་གང་ནས་བཤད་ནའང་ཕན་ཚུན་བརྩེ་བ་དང་ཧ་ཅང་སེམས་ཐག་ཉེ་པོ་ཡོད་པ་གསལ་པོ་རེད། རྡ་རམ་ས་ལར་ཆར་ཞོད་ཆེན་པོ་དང་། བཞའ་རླན་ཧ་ཅང་ཆེན་པོ་འདུག བཞའ་རླན་གྱིས་གཟུགས་པོ་ཏོག་ཙམ་མ་བདེ་བ་དང་། ལྷག་པར་ངོས་ཀྱི་པུས་མོ་ཏོག་ཙམ་མ་བདེ་བ་ཡོད་པས་གནམ་གཤིས་བཞའ་རླན་གྱིས་གནོད་ཀྱི་ཡོད་པ་ལྟ་བུ་འདུག ལ་དྭགས་ལ་བཞའ་རླན་ཉུང་བ་ཡོད་སྟབས་འདིར་བདུན་ཕྲག་གཉིས་གསུམ་ག་ཚོད་སྡོད་མིན་ད་ལྟ་ཐག་ཆོད་པ་མི་འདུག ངོས་ཀྱི་པུས་མོ་དང་གཟུགས་པོའི་འཕྲོད་བསྟེན་ལ་བལྟ་བཞིན་བྱེད་ཀྱི་ཡིན།སྔོན་མ་ནས་ལ་དྭགས་པ་ཚོ་ཧ་ཅང་དད་པ་ཆེན་པོ་རེད། དེ་རིང་འདིར་མི་མང་མང་པོ་འཛོམས་ནས་ཧ་ཅང་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག མིའི་བརྩེ་བ་ཟེར་བ་འདི་ཧ་ཅང་རྩ་ཆེན་པོ་རེད། ཕྱེད་ཀ་དད་པའི་ཐོག་ནས་ཡོང་གི་ཡོད་པ་དང་། རང་བཞིན་གྱིས་སེམས་ནང་གཅིག་གིས་གཅིག་ལ་སེམས་ཐག་ཉེ་པོ་དང་དངོས་གནས་བརྩེ་བ་ཡོད་པ་རེད། ངོས་རང་ཡང་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ཞེས་བཀའ་སློབ་དང་འབྲེལ་གླེ་ཉེ་ཁུལ་གཡས་གཡོན་དུ་ཤིང་ནགས་འདེབས་འཛུགས་བྱེད་ཀྱི་ཡོད་མེད་བཀའ་རྩད་ཕེབས་པར་འདེབས་འཛུགས་བྱེད་བཞིན་པ་༸སྙན་སེང་ཞུས་པ་དང་། མུ་མཐུད་བཀའ་སློབ་སྩལ་དོན། ཤིང་གི་རིགས་ལྕང་མ་སོགས་མང་ཙམ་བྱུང་ན་ཁོར་ཡུག་ལའང་ཕན་གྱི་རེད། ཚ་གྲང་ལའང་ཕྲན་བུ་འབྲེལ་བ་ཡོང་གི་མེད་དམ། སྤྱི་ཡོངས་ཀྱི་ཆ་ནས་འཛམ་གླིང་ཁྱོན་ཡོངས་སུ་ཚ་དྲོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་བཤད་ཀྱི་འདུག དེར་བརྟེན་དེའི་སྲུང་སྐྱོབ་ཡག་ཤོས་ནི་ཤིང་སྣ་མང་ཙམ་བྱུང་ན་ཕན་གྱི་ཡོད་པ་རེད། རྒྱ་གར་ཁོར་ཡུག་ལས་འགུལ་བ་སྐུ་ཞབས་སུནྡར་ལལ་བྷ་ཧུ་གུ་ན་ (Sunderlal Bahuguna) ལགས་ཀྱིས་ངོས་ལ་ཧི་མ་ལ་ཡ་རི་རྒྱུད་ཁུལ་དུ་ཕྱིན་པའི་སྐབས་ཤིང་སྣ་ལ་གཅེས་སྤྲས་བྱེད་རྒྱུ་དང་། ཤིང་སྣ་འཛུགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་རོགས་ཞེས་ངོས་ལ་ལས་འགན་ཞིག་སྤྲད་པ་རེད། ངོས་ཀྱིས་ཀྱང་ཁོར་ཡུག་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད།སྤྱི་ཡོངས་ནས་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་པའི་སྐབས་སུ་ད་ལྟ་ནང་བཞིན་ཕྱིན་པ་ཡིན་ན། ཕྱིས་སུ་འཛམ་གླིང་འདི་སྔོ་ལྗང་མེད་པར་ཨ་རབ་ཀྱི་ལུང་པ་ཁ་ཤས་བྱེ་ཐང་ཡིན་པར་ལྟར་ཡོང་བའི་ཉེན་ཁ་འདུག དེར་བརྟེན་ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་སྔོ་ལྗང་ཡོང་བའི་ཐོག་འབད་བརྩོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་བཤད་འདོད་བྱུང་། ཞེས་དང་། འདིར་ཆོས་འབྲེལ་བྱེད་རྒྱུ་ནི་སྔོན་མ་སྤྱོད་འཇུག་བཤད་ནས་འཕྲོ་ཏོག་ཙམ་ལྷག་ཡོད། སྤྱོད་འཇུག་གི་ཤེས་རབ་ལེའུ་བཤད་རྒྱུ་གཅིག་དང་། ཕལ་ཆེར་འདིར་མི་མང་པོ་ཞིག་འཛོམས་ཡོད་པ་དང་། དད་པ་དང་འདུན་པ་རྩེ་གཅིག་ཡིན་སྟབས་ཐུགས་རྗེ་ཆེན་པོའི་དབང་ཆེན་ཞིག་བྱ་དགོས་བསམ་པ་དྲན་བྱུང་། མཁྱེན་སོང་ངམ། དེ་ངོས་རང་ལའང་དཀའ་ལས་ཆེན་པོ་མེད། ཅེས་བཀའ་སློབ་སྩལ་བ་དང་། ལ་དྭགས་སུ་མི་འབོར་ག་ཚོད་ཡོད་མེད་བཀའ་རྩད་གནང་བར་འབུམ་གསུམ་ལྷག་ཡོད་པ་དང་། ཡར་འཕར་བཞིན་ཡོད་སྐོར་༸སྙན་སེང་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་ཉིན་ཤས་རིང་ངལ་གསོ་གནང་རྗེས་ཆོས་འབྲེལ་བྱ་རྒྱུ་ཡིན་སྐོར་བཀའ་ཕེབས་ཏེ་ཕེབས་བསུའི་མཛད་རིམ་ལེགས་པར་གྲུབ་ཡོད། །
སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་ཡིག་ཚང་།