༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༠ ཉིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་སྟོད་རྒྱུད་གྲྭ་ཚང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་སྐབས་ཕོ་བྲང་གཟིམ་སྒོའི་འགྲམ་ནས་གྲྭ་ཚང་གཉིས་ཀྱི་མཁན་བླ་རྣམས་ནས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་མགོན་པོ་གང་ཉིད་མཆོག་བཞུགས་ཁྲིར་འཁོད་མཚམས་རྒྱུད་གྲྭ་གཉིས་ཀྱི་མཁན་པོ་གཉིས་ཀྱིས་སྟན་དཀར་རྡོ་རྗེ་བཞུགས་ཁྲིར་སྒྲོན་པ་དང་། བྱང་འདྲེན་གྱིས་གདན་འབུལ་བའི་ཚིགས་བཅད་གསུངས་པ་སོགས་བརྟན་བཞུགས་ཀྱི་ཆོ་ག་དབུ་འཛུགས་མཛད་པ་དང་། གསོལ་ཇའི་བར་གསེང་ནས་གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་ཉིན་གཉིས་དང་བརྟན་བཞུགས་བཅས་ཀྱི་རྩིས་ཁྲ་སྙན་སྒྲོན་ཞུས་རྗེས་མཎྜལ་འདེགས་འབུལ་དང་འབུལ་མཚོན་སྤྱན་བསྟར། བཀའ་དྲིན་གཏང་རག་གི་མཎྜལ་ཕུལ་བ་སོགས་རིམ་པར་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་རྒྱུད་གྲྭ་སྨད་སྟོད་གཉིས་ཐུན་མོང་ནས་བརྟན་བཞུགས་གནང་བ་རེད། རྒྱུད་གྲྭ་སྨད་སྟོད་གཉིས་བསམ་གྱིས་མི་ཁྱབ་པ་རེད། ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན་ངོས་རང་ཆུང་ཆུང་སྐབས་ནས་ནོར་བུ་གླིང་གར་རྒྱུད་སྟོད་དང་རྒྱུད་སྨད་གཉིས་ཀྱི་དགེ་འདུན་པ་ཕལ་ཆེར་བཅུ་བཅོ་ལྔ་ཞིག་བདུན་ཕྲག་རེས་མོས་ཀྱིས་འཆར་ཅན་ཡོང་གི་ཡོད་པས་དགོང་མོ་རྒྱུད་གཞུང་འདོན་པ་ངོས་ཀྱིས་འཆར་ཅན་གོ་བཞིན་ཡོད། དེར་བརྟེན་རྒྱུད་གྲྭ་སྨད་སྟོད་གཉིས་ལ་ཧ་ཅང་སེམས་ཐག་ཉེ་པོ་ཆགས་ཡོད།དེ་རིང་འདིར་རྒྱུད་གྲྭ་སྨད་སྟོད་ཐུན་མོང་གི་ཐོག་ནས་བརྟན་བཞུགས་གནང་བ་རེད། གང་ལྟར་སྲུང་མ་ཚོ་ཡང་ཏན་ཏན་མཉམ་དུ་འཚོགས་ཡོད། གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།། བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།། ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།། དབེན་པ་བསྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག། ཅེས་སོགས་གསུངས་པ་ལྟར། གང་ལྟར་ཆོས་སྐྱོང་སྲུང་མ་ཚོ་ཡང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་ཐོག་ནས་འཕྲིན་ལས་སྒྲུབ་པ་ངོས་ཀྱི་རྨི་ལམ་ལ་ཐེངས་མང་པོར་བཏང་མྱོང་།
དེ་རིང་འདིར་རྒྱུད་གྲྭ་སྨད་སྟོད་གཉིས་ཀྱིས་བརྟན་བཞུགས་བསྐྱངས་དུས་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ཡང་ཏན་ཏན་འདིར་འདུས་ཡོད། འདི་ག་མཐོང་ཆོས་ཀྱི་རྒྱུད་གྲྭ་སྨད་སྟོད་ཀྱི་མཁན་བླ། དགེ་འདུན་དམངས་དང་བཅས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། མཐོང་ཆོས་སུ་མེད་པའི་དཔལ་ལྡན་ལྷ་མོ་དང་། མགོན་པོ་ཕྱག་དྲུག་པ། དེས་མཚོན་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ངོས་རང་ཆུང་དུས་སྐབས་ནས་འདྲིས་པ་རྣམས་ཀྱང་དེ་རིང་འདིར་འཚོགས་ནས་སེམས་འགུལ་ལྟ་བུ་ཐེབས་ནས་བསྡད་ཡོད། དེར་བརྟེན་འདིར་བརྟན་བཞུགས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན།འབྱུང་འགྱུར་མ་འོངས་པར་ད་དུང་ལོ་བཅུ་ཕྲག་གཅིག་གཉིས་རིང་ཏན་ཏན་བསྡད་ཀྱི་རེད། ཁྱེད་རང་ཚོ་མང་པོ་ཞིག་གི་མགོ་ལ་སྐྲ་དཀར་ཧ་ཅང་མང་པོ་འདུག་པ་མ་ཟད་མགོ་དམར་པོ་རེད་འདུག ངོས་རང་ལོ་བརྒྱད་ཅུ་གྱ་བདུན་གྱ་བརྒྱད་ལ་སླེབས་ཡོད་ཀྱང་མགོ་དམར་པོ་ཕལ་ཆེར་ཆགས་ཀྱི་མེད། སྐྲ་དཀར་མང་པོ་མེད། དེར་བརྟེན་ངོས་རང་མུ་མཐུད་ནས་བོད་བསྟན་སྲིད་ཀྱི་དོན་དང་། བོད་ཙམ་མིན་པར་འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་ཕན་ཐོགས་ཡོང་གི་འདུག་སྟབས་ངོས་ཀྱིས་སེམས་ཐག་བཅད་ནས་བྱེད་ཀྱི་ཡོད། ཁྱོད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨང་།གཙོ་ཆེ་ཤོས་རྒྱུད་པ་གྲྭ་ཚང་གཉིས་ཀྱིས་འདོན་ཁ་བྲལ་རེད། རྒྱུད་པ་གྲྭ་ཚང་གཉིས་ནས་གཙོ་བོ་རྒྱུད་གཞུང་འཆད་ཉན་བྱེད་རྒྱུ་དེ་དག་འཆར་ཅན་ལྟ་བུར་མ་བརྩིས་པར་དངོས་གནས་འགྲེལ་བ་བཞི་སྦྲགས་སོགས་ཀྱི་དོན་དག་ལ་བསམ་བློ་ཡག་པོ་བཏང་ནས་ཤེས་ཐུབ་པ་ཞིག་དགོས། ངོས་རང་རྒྱ་གར་ལ་སླེབས་ནས་སྔགས་པ་གྲྭ་ཚང་དེ་དག་གིས་ཀྱང་གཞུང་ཆེན་བལྟ་དགོས་ཞེས་བརྗོད་པ་ཡིན། རྣམ་རྒྱལ་གྲྭ་ཚང་ལ་མཚོན་ནའང་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བལྟ་རྒྱུ་འགོ་བཙུགས་པ་རེད། དེ་བཞིན་རྒྱུད་གྲྭ་སྨད་སྟོད་ལའང་རྒྱུད་གཞུང་འདོན་རྒྱུ་ཡོད་པ་གཅིག་པུ་མིན་པར་གཞུང་ཆེན་མོའི་གྲས་ལ་ག་ཚོད་ཐུབ་ཐུབ་ཀྱིས་སློབ་གཉེར་་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཧུར་ཐག་གནང་ཤོག་ཨང་། གཞན་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨ་མ་བག་བྲོ་སྐུ་ཁམས་བཟང་། ཨ་མ་བག་བྲོ་ཟེར་བ་དེ་དཔལ་ལྡན་ལྷ་མོ་ཡིན། དེར་བརྟེན་ཨ་མ་བག་བྲོ་སྐུ་ཁམས་བཟང་། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ། །