༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་ ༦།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་ཐོག་མར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གི་སྒྲུབ་ཞག་མཛད་པ་དང་། ཆུ་ཚོད་ ༩ ཙམ་ནས་བཀའ་དབང་དངོས་གཞི་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། ད་ལྟ་དབང་དངོས་གཞི་རེད། ཁ་སང་སྐད་ཆ་རོབ་ཙམ་བྱུང་བ་རེད། རགས་པ་གློ་བུར་བའི་སེམས་ལ་སྒོམ་བརྒྱབ་པ་མིན་པར་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་། ལྷག་པར་རྣལ་འབྱོར་བླ་མེད་ཀྱི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་མངོན་དུ་བྱས་པའི་ཐོག་ནས་དེ་ཉམས་ལེན་བྱེད་དགོས། དེ་ཡོང་བར་སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་རང་བཞིན་གྱི་རྟོག་པ་བདུན་བཅས་སྒོམ་པའི་སྟོབས་ཀྱིས་ཕར་བཀག་ནས། དེ་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ཤར་ནས་དེའི་ཐོག་དཔྱད་སྒོམ་བྱེད་ཐུབ་ཀྱི་ཡོད་མེད་མི་ཤེས་ཀྱང་། དེའི་ངང་བསྡད་ནས་རིམ་བཞིན་རགས་པའི་རླུང་སེམས་ཚང་མ་ཕར་ཐིམ་ནས་ཕྲ་བ་གཉུག་མའི་སེམས་འོད་གསལ་གྱི་ངོ་བོར་གྱུར་དུས་སྟོང་ཉིད་སྒོམ་བཞིན་པ་རེད།
དེའི་བཞོན་པའི་རླུང་ལས་སྒྱུ་ལུས་ལྡང་ནས་རྒྱུ་ཟུང་འཇུག་མངོན་དུ་བྱེད་པ་ནི་གཞན་དང་མི་འདྲ་བ་ཞིག་རེད། དེ་དག་ནི་བསྒོམས་ནས་ཡུན་རིང་པོར་བསམ་བློ་བཏང་སྟེ་གོམས་འདྲིས་ལ་བརྟེན་ནས་ཡོང་དགོས་པ་མ་གཏོགས་ལས་སླ་བོར་ཡོང་མི་ཐུབ། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་སོ་སོའི་སེམས་སྐྱིད་པའི་ཞོར་ལ་ལུས་པོ་བདེ་བ། གང་ལྟར་བྱང་ཆུབ་ཀྱི་སེམས་ཞེས་པ་ནི་རང་སྐྱིད་པ་གཞན་བདེ་བ། ཀུན་ལ་ཕན་པ་ཞིག་རེད་འདུག སྐྱེ་བ་སྔ་ཕྱིའི་བསམ་བློ་མེད་ནའང་ཚེ་འདི་ལ་གཞན་ཕན་གྱི་བློ་བྱུང་ན་ཧ་ཅང་རྩ་ཆེན་པོ་རེད་འདུག ངོས་ཀྱིས་འཛམ་གླིང་འདིའི་སྟེང་གཞན་ཕན་གྱི་བློ་གལ་ཆེན་པོ་རེད་ཅེས་རྗོད་ཀྱི་ཡོད། སྐྱེ་བ་སྔ་ཕྱིའི་སྐོར་བཤད་ཀྱི་མེད། ནང་པའི་ཆོས་ཞེས་མཐའ་གཅིག་ཏུ་གང་ཡང་བཤད་ཀྱི་མེད། གང་ལྟར་མི་ཞིག་ཡིན་ཕྱིན་སྤྱི་ཚོགས་ལ་བརྟེན་ཡོད། སྤྱི་ཚོགས་དང་མཐུན་དགོས་བྱུང་ན། སེམས་བཟང་པོ་བྱོས་དང་སྤྱི་ཚོགས་དང་མཐུན་གྱི་རེད། རང་དོན་ཁོག་བཅུག་བྱས་ནས་བསྡད་པ་ཡིན་ན་སྤྱི་ཚོགས་ནང་མི་ཚོས་གཡོལ་བ་དང་འཛེམ་ཟོན་བྱེད་རྒྱུ་ཞིག་ཆགས་འགྲོ་གི་འདུག སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །ཞེས་རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས། གཞན་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས། འཕྲལ་དུ་བདེ་བའང་བྱང་ཆུབ་ཀྱི་སེམས། ཕུགས་ལ་གཏན་དུ་བདེ་བ་ཡོང་རྒྱུ་དེ་ཡང་བྱང་ཆུབ་ཀྱི་སེམས། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ཧ་ཅང་རྩ་ཆེན་པོ་རེད་འདུག ཅེས་དང་།གཞན་ཡང་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་སྐབས་སུ་བཀའ་སློབ་སྩལ་དོན། ཁྱོད་རང་ཚོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་དགོས་པ་རེད། ཁྱོད་རང་ཚོ་ཚང་མས་དགོངས་ཡོད་པ་རེད། འདུན་པ་གཉིས་ལྡན་གྱི་བྱང་ཆུབ་ཀྱི་སེམས། རང་བདེ་བ་ཡོང་བ་ལ་བྱང་ཆུབ་ཀྱི་སེམས། གཞན་བདེ་བ་ཡོང་བ་ལ་བྱང་ཆུབ་ཀྱི་སེམས། སྡིག་སྒྲིབ་སྦྱོང་བ་དེའང་བྱང་ཆུབ་ཀྱི་སེམས། དངོས་གནས་ཚོགས་བསགས་པ་ལའང་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ནི་ཀུན་བདེའི་ནོར་བུ་ལྟ་བུ་ཆགས་འདུག ཧ་ཅང་རྩ་ཆེན་པོ་རེད། དེ་བཞིན་སྙིང་སྟོབས་བསྐྱེད་པ་དང་སེམས་ལ་ཞི་བདེ་སླེབས་པ་ཚང་མ་བྱང་ཆུབ་ཀྱི་སེམས་ཀྱིས་བྱེད་ཡོང་གི་འདུག རང་གཅེས་འཛིན་གྱི་བློ་ཡོད་པ་ཡིན་ན་ཞེད་སྡང་དང་ང་རྒྱལ། ཕྲག་དོག་བཅས་དེས་ཡོང་གི་ཡོད།གཞན་གཅེས་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་པ་ཡིན་ན་ཉོན་མོངས་ཀྱི་བློ་མང་པོ་ཞིག་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བ་ཞིག་རེད། དེར་བརྟེན་གནས་སྐབས་མཐར་ཐུག་རྣམ་པ་ཀུན་ཏུ་ཕན་པ་འབའ་ཞིག་སྟེར་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ཨུ་ཚུགས་བརྒྱབ་ནས་སྒོམ་གྱི་ཡིན་བསམ་པ་ཞིག་དང་། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་སྒོམ་དགོས། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། ། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། དེ་བས་སྐྱོ་ངལ་ཀུན་སེལ་བའི། ། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པ་ཧ་ཅང་ཤུགས་ཆེན་པོ་འདུག ངོས་ཀྱིས་ཀྱང་འདི་ལ་ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད།གང་ལྟར་རང་གཅེས་པར་འཛིན་པའི་བློ་ཞིག་ཡོད་ན་གཅེས་འཛིན་བྱེད་སྟངས་དེ་རྣམ་དཔྱོད་ལྡན་པའི་གཅེས་འཛིན་བྱས་པ་ཡིན་ན་དངོས་གནས་ནུས་པ་ཐོན་གྱི་རེད། རང་གཅེས་པར་འཛིན་པའི་བློ་བྱབ་ཆུང་བ་ཞིག་གི་ཐོག་ཕྱིན་པ་ཡིན་ན་གཞན་ལའང་ཕན་མ་ཐོགས། རང་ལའང་ཕན་ཐོགས་མེད་པ་རེད། དེར་བརྟེན་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཟེར་བའི་ཚིག་འདིར་གློ་བུར་དུ་སོ་སོ་བློས་བཏང་བ་ལྟ་བུ་གོ་ཡང་། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པ་ཡིན་ན། རང་དོན་མཐར་ཕྱིན་པ་སྒྲུབ་ཡོང་གི་ཡོད་པ་རེད། རང་དོན་ཞར་ལ་སྒྲུབ་ཡོང་གི་ཡོད་པ་རེད། དེར་བརྟེན་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་ཡིན། ད་ལྟ་བཤད་མ་ཐག་པ་ནང་བཞིན་སྤྱོད་འཇུག་གི་ཚིག་དེ་དག་ཡག་པོ་བསམ་བློ་ཐོང་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་འཛམ་གླིང་འདིའི་སྟེང་གི་རྙོག་གྲ་ཚང་མ་རང་གཙོ་ཆེ་བ་བྱས་པ་དང་། གཞན་དེ་ཙམ་གཙོ་ཆེན་པོ་མིན་པར་བྱས་ནས་སྔར་ཡིན་ནའང་འཛམ་གླིང་སྟེང་གི་རྙོག་གྲ་འདིས་བཟོས་པ་རེད། ད་ལྟ་ཡིན་ནའང་རྙོག་གྲ་འདིས་བཟོ་བཞིན་ཡོད། མ་འོངས་པར་རང་གཅེས་པར་འཛིན་པའི་བློས་རྙོག་གྲ་བཟོ་ཡོང་གི་འདུག དེར་བརྟེན། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སེམས་ལ་སྤོབས་པ་དང་རེ་བ་སླེབ་རྒྱུ་འདུག འདི་བསམ་བློ་གཏོང་རྒྱུ་རེད། སྔོན་ལ་འཁྱུག་ཙམ་བྱང་ཚུབ་ཀྱི་སེམས་ལ་དཔྱད་སྒོམ་བྱོས། མཇུག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག ཐོབ་པར་བྱའོ་སྙམ་པའི་བློ་ཞིག་བསྐྱེད་ཤོག་ཨང་། ཞེས་སོགས་རང་ཉིད་༸རྒྱལ་བ་རིན་པོ་ཆེའི་སློབ་མ་ཞིག་ཡིན་སྙམ་གྱི་ཡོད་ན། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཉམས་ལེན་གྱི་མཐིལ་དུ་འཛིན་དགོས་པའི་བཀའ་སློབ་དང་འབྲེལ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གི་ཆོས་འབྲེལ་ལེགས་པར་གྲུབ་ཡོད། །