༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ལྷ་རྒྱལ་རིར་ཡོད་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་དང་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ལྷ་རྒྱལ་རིར་ཆིབས་སྒྱུར་གྱིས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་པ་དང་། དཔེ་མཛོད་ཁང་དང་ཡིག་ཚགས་ཁང་། འགྲེམས་སྟོན་ཁང་སོགས་ལ་རིམ་བཞིན་གཟིགས་སྐོར་གྲུབ་མཚམས་ཚོགས་ཁང་དུ་ཆིབས་སྒྱུར་གྱིས་ཞབས་སྟེགས་སུ་འཁོད་མཚམས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་འགན་འཛིན་ལས་ཚབ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། གྲོགས་པོ་རྣམ་པ་ཚོར་ཞུ་རྒྱུར། ངོས་ཀྱིས་སྐད་ཆ་བཤད་རྒྱུ་ཚང་མ་གང་སར་བཤད་ནས་ད་ལྟ་རྫོགས་ཟིན་པ་ལྟ་བུ་འདུགདེ་རིང་འཁྲུངས་སྐར་གྱི་དུས་ཆེན་རེད། ཁྱོད་རང་ཚོས་ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ (Happy birthday to you) ཞེས་ཟེར་བ་མ་གཏོགས་གཞན་དམིགས་བསལ་མེད། གང་ལྟར་ཁྱོད་རང་ཚོ་ཚང་མས་༸རྒྱལ་བ་རིན་པོ་ཆེའི་སྐྱེས་སྐར་གྱི་དུས་ཆེན་ལ་འཛུམ་ཤིག་ཤིག་དང་དགའ་སེམས་འཁོལ་བའི་ངང་ནས་འདི་ལྟར་རུབ་རུབ་བྱེད་ཀྱི་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཧ་ཅང་གཉན་འཕྲང་ཅན་གྱི་དུས་ཚོད་དེར་ངོས་ཀྱིས་ཏཱ་ལའི་བླ་མའི་མིང་འཁྱེར་ཏེ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ཐོབ་ཐང་སོགས་རྩོད་ལེན་བྱས་ནས། བར་སྐབས་བོད་ཀྱི་གནས་ཚུལ་དེ་ཕལ་ཆེར་འཇའ་ཡལ་བ་ནང་བཞིན་ཡལ་བའི་མཚམས་ལ་བསླེབས་སྐབས་ངོས་རང་བཙན་བྱོལ་དུ་ཡོང་ནས་སློབ་གྲྭ་དང་སྒྲིག་འཛུགས་སོགས་བཙུགས་ཏེ་འཛུགས་སྐྲུན་བྱས་པ་རེད། འཛུགས་སྐྲུན་བྱས་པའི་ལག་རྗེས་ལ་དེང་སང་བོད་དོན་མངོན་གསལ་དོད་པོར་སྡོད་ཐུབ་པ་ཞིག་བྱུང་ཡོད། ངོས་ཀྱིས་ཁ་སྔོན་བཤད་རྒྱུ་བྱུང་། ངོས་རང་ཐེངས་དང་པོ་ཨ་རིར་ཕྱིན་པའི་སྐབས་གྲོས་ཚོགས་འཐུས་མི་ཚོར་ཐུག་འཕྲད་དང་། སྐད་ཆ་བཤད་སྐབས་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་མི་ལ་དམག་མི་ས་ཡ་མང་པོ་ཡོད་པ་རེད། ཏཱ་ལའི་བླ་མ་མི་གཅིག་རེད། འོན་ཀྱང་ཏཱ་ལའི་བླ་མ་མི་གཅིག་པུ་ལ་རྒྱའི་དམག་མི་ས་ཡ་མང་པོས་བླགས་འཁེལ་གྱི་ཡོད་པ་མ་རེད་ཅེས་བཤད་སོང་།གང་ལྟར་ང་ཚོར་བདེན་པ་ཡོད་པས་དྲང་པོ་དྲང་བཞག་བྱས་ཏེ་ཧམ་པ་དང་སྐྱག་རྫུན་བཤད་པ་མིན་པར་བསམ་པ་རྣམ་དག་བྱས་པ་རེད། ད་ལྟའི་བར་དུ་ངོས་ཀྱིས་བསམ་པ་རྣམ་དག་དང་ལས་འབྲས་དཔང་འཕེར་བྱས་པ་ཡིན། དེ་ལྟར་བྱས་པའི་ལག་རྗེས་ལ་འཛམ་གླིང་གང་ས་ནས་བོད་ཀྱི་དོན་འདི་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར། དྲང་བདེན་གྱི་དོན་དག་ཡིན་པ་ལ་མ་སྐུལ་དང་ལེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་བོད་ཀྱི་ཆོས་དང་རིག་གཞུང་ནི་སེམས་ཁམས་རིག་པ་གཙོ་བོར་གྱུར་ཡོད། སེམས་ཁམས་རིག་པ་ཧ་ཅང་ཞིབ་ཚགས་པོ་རེད། ཆོས་དད་ཡོད་མེད་དང་ནང་པ་ཡིན་མིན་གྱི་སྐད་ཆ་མ་ཡིན་པར་སེམས་ཀྱི་ཞི་བདེ་ཇི་ལྟར་སྒྲུབ་དགོས་པ་དང་། ཁོང་ཁྲོ་དང་ང་རྒྱལ་གྱིས་སེམས་ཀྱི་ཞི་བདེ་ཉུང་དུ་གཏོང་བཞིན་ཡོད་པས་ཁོང་ཁྲོ་ཇི་ལྟར་ཡོང་གི་ཡོད་པ། དེ་བཞིན་ང་རྒྱལ་ཇི་ལྟར་ཡོང་གི་ཡོད་པ་ལ་རྩད་གཅོད་ཡག་པོ་བྱས་ཏེ་སེམས་ཀྱི་ཞི་བདེ་དཀྲུག་མཁན་ངོ་ཤེས་པའི་ཐོག་ནས་དེ་ལ་གཉེན་པོ་བསྟེན་སྟངས་ཞིབ་ཚགས་པོ་བཤད་ཀྱི་ཡོད། དེས་ཁ་ཡོད་ལག་ཡོད་ལ་ཧ་ཅང་ཡག་པོ་ཕན་གྱི་འདུགད་ཅི་གློ་བུར་དུ་ལྷ་འབབ་མཁན་ཞིག་འདུག དེས་ངོས་ལ་སྤྱོད་འཇུག་གི་ཚིག་སྐྱོར་གྱི་འདུག སེམས་ཀྱི་ཞི་བདེ་སྒྲུབ་ཐབས་སྤྱོད་འཇུག་གི་གཞུང་དུ་ཧ་ཅང་གསལ་པོ་དང་། བོད་ཀྱི་རིག་གཞུང་ནི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་སེམས་ཀྱི་ཞི་བདེ་བསྒྲུབ་ཐབས་རེད། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཀུན་ལ་མཁོ་བ་ཞིག་རེད། ད་ལྟ་འཛམ་གླིང་འདིར་བོད་ཀྱི་རིག་གཞུང་གི་ཐོག་ནས་སེམས་ཀྱི་ཞི་བདེ་ཇི་ལྟར་སྒྲུབ་དགོས་ཀྱི་ཡོད་མེད་ལ་དོ་སྣང་གསར་པ་བྱེད་ཀྱི་ཡོད། མདོར་ན། ཚན་རིག་པ་ཆོས་ལ་ཡིད་ཆེས་མེད་མཁན་གྱིས་ཀྱང་ང་ཚོའི་སེམས་ཁམས་རིག་པའི་སྐོར་བཤད་དུས་དོ་སྣང་བྱས་ཏེ་ཕན་ཐོགས་འདུག་ཅེས་བཤད་ཀྱི་འདུག དེར་བརྟེན་ང་ཚོ་བོད་ཀྱི་རིག་གཞུང་འདི་དོན་དངོས་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཏན་ཏན་ཆགས་ཀྱི་འདུག ཆོས་ལ་དད་པ་ཡོད་མེད་གང་ལྟར་ཡང་བསམ་བློའི་འགྲོ་སྟངས་ཡག་པོ་ཤེས་པ་བྱེད་དགོས། ང་ཚོ་ཆུང་ཆུང་སྐབས་ནས་བློ་རིག་ལ་བལྟས་ནས་གཙོ་བོ་སེམས་དང་སེམས་བྱུང་ང་གཅིག་སོགས་ལ་ཧ་ཅང་ཞིབ་ཚགས་པོས་སློབ་སྦྱོང་བྱས་ཡོད། སེམས་ལ་ང་རྒྱལ་དང་ཕྲག་དོག་ཡོང་དུས་དེས་སེམས་དང་སེམས་བྱུང་གི་འགྲོ་སྟངས་ནས་ངོས་འཛིན་དང་དོ་སྣང་སླེབས་ཡོང་དུས་ཧ་ཅང་ཕན་ཐོགས་ཡོད་པ་རེད། དེར་བརྟེན་ང་ཚོ་བོད་ཀྱི་རིག་གཞུང་ནི་སེམས་ཀྱི་ཞི་བདེ་སྐྲུན་པའི་རིག་གཞུང་བླ་ན་མེད་པ་ཞིག་ཆགས་ཡོད། དེ་ཡང་བཅོམ་ལྡན་འདས་ཀྱི་བཀའ་རེད་ཅེས་པ་ཙམ་མ་ཡིན་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་ཡོང་གི་ཡོད་པས་ཧ་ཅང་རླབས་ཆེན་རེད། ང་ཚོ་བཙན་བྱོལ་བ་ཆགས་པ་དེ་ཐབས་སྐྱོ་བོ་རེད་དེ། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོ་བོད་ས་ཁུག་ལུང་ཁུག་ཅིག་ལ་ཧ་ལས་ནས་བསྡད་པ་མིན་པར། འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཆགས་ཀྱི་འདུག ངོས་ལ་ཆ་བཞག་ནའང་སྐུ་ཕྲེང་བཅུ་གསུམ་པ་རྒྱ་ནག་དང་རྒྱ་གར་ལ་ཕེབས་ཏེ་མཛད་འཕྲིན་གང་འཚམ་རྒྱས་པོ་བྱུང་ཡོད་ཀྱང་། ལྟ་གྲུབ་སོགས་ཀྱི་ཐོག་ནས་བསམ་བློ་གཏིང་རིང་པོ་དང་རྒྱ་ཆེན་པོ་ཞིག་ཕལ་ཆེར་ཁྱབ་མི་འདུག ད་ལྟའི་དུས་ཚོད་འདིར་ང་ཚོའི་མཁས་པའི་དབང་པོ་དག་གིས་བོད་ཀྱི་སངས་རྒྱས་བསྟན་པ་གང་འདྲ་ཡིན་མིན་འཛམ་གླིང་འདིའི་སྒང་ལ་གསལ་སྟོན་བྱས་ནས་ཕན་ཐོགས་ཧ་ཅང་བྱུང་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གང་ལྟར་མི་རིགས་ཤིག་གི་སྐད་ཆ་བཤད་སྐབས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ང་རང་ཚོའི་སྐད་ཡིག་ཟུར་དུ་བཟོས་པ་རེད། མཁན་ཆེན་ཞི་བ་འཚོའི་སྐབས་ནས་སྐད་ཡིག་འདི་ཧ་ཅང་ཕྱུག་པོ་ཆགས་ཡོད། ང་ཚོ་བོད་པ་ཚོར་ལོ་སྟོང་ཕྲག་རིང་གི་སྐད་ཡིག་ཕྱུག་པོ་ཡོད་པ་དེར་བརྗོད་བྱའང་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚད་མ་དང་། ལྟ་གྲུབ་སོགས་ཧ་ཅང་ཕྱུག་པོ་རེད། ངོས་ཀྱི་ཉམས་མྱོང་ལ་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་འགྲེལ་བཤད་རྒྱག་པར་སྐད་ཡག་ཤོས་དེ་བོད་སྐད་རེད། དེར་བརྟེན་ང་ཚོ་བོད་པ་ཡིན་པའི་ཆ་ནས་སྤོབས་པ་སྐྱེས་པ་ཞིག་རེད།
ང་ཚོ་རྒྱ་གར་ལ་སླེབས་མ་ཐག་ངོས་ཀྱིས་ནེཧ་རུ་ལ་ང་ཚོ་བོད་པར་བོད་ཡིག་དང་བོད་སྐད་ཟུར་དུ་ཡོད་སྟབས། བོད་ཡིག་བསླབ་རྒྱུ་ཡོད་པའི་སློབ་གྲྭ་དགོས་ཀྱི་འདུག ཅེས་ཞུས་པར་ནེཧ་རུས་རྒྱབ་སྐྱོར་གཙང་མ་གནང་སྟེ་དུས་ད་ལྟ་བར་དུ་ང་ཚོ་ཡག་ཐག་གཅོད་ཡོད། ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་འཛམ་གླིང་སྟེང་བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་ཤར་ནུབ་གང་སར་མངོན་གསལ་དོད་པོས་དོ་སྣང་གསར་པ་ཡོང་རྒྱུ་ཞིག་ཆགས་ཡོད། ང་ཚོ་བཙན་བྱོལ་བ་ཚོ་སོ་སོའི་ལུང་པ་བྲལ་བ་རེད། འོན་ཀྱང་རང་དབང་ལུང་པའི་ནང་བདེན་པ་བདེན་ཐུབ་ཀྱིས་འབད་བརྩོན་བྱེད་བཞིན་པའི་གྲུབ་འབྲས་ཡག་ཐག་གཅོད་རེད།
བོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་འདི་སྨོན་ལམ་རྒྱག་རྒྱུ་དང་འདོན་པ་བཏོན་པའི་སྐད་ཆ་གང་ཡང་མིན་པར་བསམ་བློ་གཏོང་སྟངས་དང་། ཚད་མ་རིག་པའི་འགྲོ་སྟངས་དེ་ཚོའི་གྲས་ང་ཚོ་བོད་པར་དམིགས་བསལ་ཡོད། ཆོས་ལ་དད་པ་ཡོད་མེད་གནས་ཚུལ་ཐ་དད་རེད། གང་ལྟར་ཚད་མ་རིག་པའི་ཐོག་ནས་སེམས་ཁམས་རིག་པས་སེམས་ལ་བརྟག་དཔྱད་བྱེད་རྒྱུའི་ནུས་པ་ཏན་ཏན་ཤུགས་ཆེ་རུ་འགྲོ་གི་འདུག་ཅེས་དང་།མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་འཁྲུངས་སྐར་གྱི་དུས་ཆེན་ལ་ཁྱེད་རང་ཚོ་ཚང་མ་སེམས་ལ་སྤྲོ་སྣང་ཡོད་པའི་ཐོག་ནས་དེ་རིང་འདིར་རུབ་རུབ་བྱས་ནས་ཕེབས་པ་རེད། གནམ་གཤིས་ནི་ཆར་པ་བཏང་བ་རེད། མ་གཞི་ངོས་ལ་བོད་ནས་ཆུ་ཤེལ་ནོར་བུ་ཟེར་གྱི་ཡོད། ངོས་རང་མེ་ཤེལ་མ་ཡིན་པར་ཆུ་ཤེལ་རེད། དེ་དུས་གནས་ཆུང་གིས། ཆུ་ཤེལ་ནོར་བུའི་འོད་སྣང་དེ།། ནུབ་ནས་གསལ་བའི་དུས་ཡིན་ནོ།། ཞེས་བཀའ་ལུང་ཞིག་གནང་ཡོད། བཀའ་ལུང་དེ་ཏག་ཏག་འགྲོ་ཡོད་པ་ལྟ་བུ་འདུག ངོས་རང་ཟི་ལིང་གི་ས་ཁུག་ལུང་ཁུག་ཅིག་ནས་སྐྱེས་ཤིང་ལྷ་སར་བསླེབས་ནས་སློབ་གཉེར་བྱས། དེ་ནས་རྒྱ་གར་དུ་འབྱོར་ནས་མི་མང་པོར་ཐུག་པའི་གྲུབ་འབྲས་སུ་ང་ཚོ་བོད་ཀྱི་རིག་གཞུང་དང་། སེམས་ཁམས་རིག་པ། སེམས་ཀྱི་ཞི་བདེ་ཇི་ལྟར་བསྒྲུབ་དགོས་ཀྱི་ཡོད་མེད། དེའི་ཐོག་ནས་འཛམ་གླིང་ལ་ཞི་བདེ་ཇི་ལྟར་བསྐྲུན་ཚུལ་སོགས་ང་ཚོར་གཞན་དང་མི་འདྲ་བའི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་རེད་འདུག ངོས་རང་མེ་ཤེལ་བྱས་ཏེ་ག་ས་གང་དུ་རྙོག་དྲ་བཟོ་མཁན་མ་ཡིན་པར་ཆུ་ཤེལ་ནོར་བུའི་འོད་སྣང་། ནུབ་ནས་གསལ་བའི་དུས་ཡིན་ནོ།། ཞེས་གནས་ཆུང་གིས་སྔ་མོ་སྔ་མོ་གསུངས་པ་ལྟར་ད་ལྟ་བལྟ་དུས་བཀའ་ལུང་དེ་ཏག་ཏག་འགྲོ་གི་ཡོད་པ་ལྟ་བུ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། །