༄༅། །བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཆེ་ཕྲ་དང་། རྡ་ས་ཁུལ་གནས་སྡོད་སེར་སྐྱ་མི་མང་སོགས་ནས་ལུས་ལ་ན་བཟའ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ཁག་ལ་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་རྒྱགས་རྔན་ལྷ་བསངས་དང་། གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསང་མཆོད་ཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་༸གོང་ས་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་རིའི་སྲུང་མ་དམར་ནག་གཉིས་ཀའི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་ཚང་མས་སྒྲ་དབྱངས་གཅིག་འགྱུར་ཐོག ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་འབྲུག་སྒྲ་གྲགས་པ་ལྟར་ལན་གསུམ་འཐེན་རྗེས་སྔ་དྲོའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གྲུབ།དངོས་གཞི་གཞུང་འབྲེལ་མཛད་སྒོ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་དབུ་གཡབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་མཆོག ༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་ངག་དབང་ཆོས་ཀྱི་སྣང་བ་མཆོག ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་རཱ་ཀེཤ་པཱ་ཋ་ནི་ཡཱ་ (Shri.Rakesh Pathania) མཆོག དམིགས་བསལ་སྐུ་མགྲོན་རི་ཆ་ཌི་གྷེར་ (Richard Gere) ལགས། རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནེ་རི་ཡ་ (Shri Vishal Nehria) ལགས། Gianni Vernetti (former Senator and Under Secretary of State for Foreign Affair, Italy) ལགས་སོགས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་ཕེབས་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་ (Sri Jai Ram Thakur) མཆོག་གིས་དྲ་ལམ་བརྒྱུད་གསུང་བཤད་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་ཕུལ་གྲུབ་མཚམས། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག བཀའ་བློན་རྣམ་པ། ཁྲིམས་ཞིབ་པ་གཞན་མཆོག ཡབ་གཞིས་སྐུ་འཁོར་རྣམ་པ། ཀ་བ་གསུམ་གྱི་མཛད་གཙོ་ཟུར་པ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པ་ནས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་ཕུལ། དེ་ནས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། དྷ་ས་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་རྟེན་འབྲེལ་མཚོན་བྱེད་དུ་མངར་ཟས་ཀེཀ་ (Cake) མཐུན་འགྱུར་གནང་བ་དེ་བཞིན་འདེགས་འབུལ་ཞུས་གནང་ཡོད།དེ་རྗེས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་རྔོན་པའི་འདོན་གཟིགས་འབུལ་ཞུས་གྲུབ་བསྟུན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་ཟློས་གར་ཚོགས་པ་ནས་༸རྒྱལ་བའི་དགོངས་བཞེད་གཙོ་བཟུང་ཐོག་བོད་ཀྱི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་བྱུང་འཕེལ་ལོ་རྒྱུས་ཞེས་པའི་ཕྱག་དེབ་དབུ་འབྱེད་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་རིས་མེད་ཆོས་སྡེ་ཁག་ནས་བསླབ་པ་མཐར་སོན་པའི་དགེ་འདུན་པ་རྣམས་ལ་གཞུང་ཆེན་རིགས་གཅིག་རྐང་འཛིན་ཉམས་ཞིབ་མཐར་ཕྱིན་གྱི་ཕྱག་འཁྱེར་གནང་།དེ་ནས་ལ་དྭགས་སྐུ་ཚབ་ཁག་གཅིག་གིས་ལ་དྭགས་ཀྱི་གཞས་སྣ་གཟིགས་འབུལ་ཞུས་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནསམ་བསྟན་འཕེལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པ་བསུ་ན་མདའ་སཾ་བྷོ་ཊ་སློབ་གྲྭའི་བོད་དགེ་རྡོ་རྗེ་རིན་ཆེན་ལགས་ལ་ཉམས་ཞིབ་མཐར་སོན་བྱུང་བའི་ཕྱག་འཁྱེར་དང་། ༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ནས་འཕྲོད་བསྟེན་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུ་གང་ལེགས་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་གནང་།དེ་ནས་དྷ་ས་གནས་སྡོད་ (Nepali Community) ནས་ (Takan Tukun) ཞེས་པ་གཟིགས་འབུལ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་འཐོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ཁོངས་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དགེ་འདུན་དོན་ཡོད་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ནས་བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དོ་བསྟན་འཛིན་ཀུན་དགའ་ལགས་རྣམ་གཉིས་ལ་གཟེངས་རྟགས་ཕྱག་འཁྱེར་གནང་མཚམས་ས་གནས་ཡུལ་མིའི་གྷ་དྷི་ཚོགས་པ་ནས་ (Laadliye) ཞེས་པ་གཟིགས་འབུལ་ཞུས། དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས་ཧི་མཱ་ཅལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་རཱ་ཀེཤ་པཱ་ཋ་ནི་ཡཱ་ (Shri.Rakesh Pathania) མཆོག་དང་དམིགས་བསལ་སྐུ་མགྲོན་རི་ཆ་ཌི་གྷེར་ (Richard Gere) ལགས་ཀྱིས་གསུང་བཤད་གནང་། མཐར་བོད་ཀྱི་ཟློས་གར་ཚོགས་པ་ནས་ཆོལ་གསུམ་མི་རིགས་ཚེ་རིང་མ་ལགས་ཞེས་པ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།