༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གངས་ཅན་ལྗོངས་སུ་མཚན་དཔེའི་ལང་ཚོ་མངོན་པར་བཞད་ནས་ལོ་ངོ་ ༨༧ འཁོར་བའི་དུས་ཆེན་ཁྱད་པར་ཅན་འདིར། བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག །མཁའ་ཁྱབ་བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་འཚོ་ཞིང་གཞེས་ཏེ་འགྲོ་ཕན་འཕྲིན་ལས་ཀྱི་རོལ་པ་རྒྱ་ཆེར་རྒྱུན་མི་ཆད་དུ་སྤྲོ་བའི་གསོལ་འདེབས་ཞུ་རྒྱུ་ཡིན།
དེ་རིང་གི་ཉིན་མོ་འདི་ནི་གངས་ཅན་པ་ཙམ་དུ་མ་ཟད། འདོད་རྔམ་དང་འགྲན་རྩོད་ཀྱི་ཡོ་ལང་རྒོད་པའི་འཇིག་རྟེན་འདིར་བྱམས་བརྩེ་དང་ཞི་བདེའི་གདམ་ངག་སྩོལ་མཁན་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་དངོས་སུ་བྱོན་པའི་དུས་ཚེས་རྩ་ཆེན་ཞིག་ཡིན་སྟབས། གོ་སྐབས་འདི་བརྒྱུད་ནས་སྐལ་ལྡན་གྱི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཏུ་༸མགོན་པོ་གང་ཉིད་ཀྱི་རྗེས་འཇུག་པ་དང་། རང་རིགས་གཞིས་བྱེས་སྤུན་ཟླ་ཡོངས་ལ་དུས་ཆེན་འདིར་མཛའ་བརྩེའི་འཚམས་སྨོན་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་འཁྲུངས་ལྷ་དབྱར་གསོལ་གྱི་དུས་ཆེན་སྲུང་བརྩི་ཞུ་སྐབས། རང་ཅག་བཙན་བྱོལ་བ་རྣམས་ལ་༸མགོན་པོ་མཆོག་གིས་བཀའ་དྲིན་མཐའ་ཡས་པ་བསྐྱངས་པའི་རྣམ་ཐར་གྱི་ཆ་ཕྲ་མོ་ཙམ་ཤེས་དགོས་པ་གལ་ཆེན་པོ་ཡིན་ཞིང་། དྲིན་ཤེས་ན་དྲིན་དྲན་ཐུབ་པ་དང་། དྲིན་དྲན་པ་ཡིན་ན་དྲིན་ཆེན་ལ་དྲིན་ལོག་མི་བྱེད་པའི་ཡ་རབས་ཀྱི་སྤྱོད་པ་བསྟེན་ཐུབ་པའི་ཁར། དྲིན་འཇལ་བའི་ཐབས་ཚུལ་ཡག་ཤོས་ཏེ། བླ་མའི་ལུགས་ཟུང་བཀའ་སློབ་བསླབ་བྱ་ཚུལ་བཞིན་ཉམས་སུ་བླངས་པའི་སྒོ་ནས་མི་ཚེ་དོན་ལྡན་སྐྱེལ་བར་མངོན་དུ་ཕྱོགས་ཐུབ་པ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་སྐབས། རྒྱ་ནག་གི་དྲག་པོའི་དམག་དཔུང་གིས་ཆབ་མདོར་བོད་དམག་གཏོར་ཕམ་བཏང་ཟིན་ཡོད་པ་དང་། དགུང་ལོ་ ༡༦ ལས་སོན་མེད་ནའང་། ལོ་ངོ་བརྒྱད་རིང་བོད་འབྱོར་རྒྱ་དམག་ལ་མཐུན་གཤིབ་དང་། ཆོས་སྲིད་ཀྱི་བགྱི་སྒོ་ཆེ་ཕྲ་མཐའ་དག་དུས་བསྟུན་ལེགས་བཅོས་ཀྱི་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་གནང་བ་དང་དུས་མཚུངས་སུ། ཡོངས་འཛིན་རྣམ་པའི་དྲུང་ནས་གཞུང་ཆེན་ཁག་ལ་གསན་སྦྱོང་དཔྱིས་ཕྱིན་མཛད་དེ། ཕྱི་ལོ་ ༡༩༥༩ བོད་ས་ཕག་ལོའི་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་དབང་སྟོང་ཕྲག་མང་པོ་འཛོམས་པའི་དབུས་སུ་གྲྭ་སྐོར་ལྷ་རམས་མཚན་བཞེས་ཀྱི་དམ་བཅའ་མཛད་ཡོད།
མཛད་སྒོའི་སྐབས་དེར་རྒྱ་གཞུང་གིས་ནམ་རྒྱུན་གྱི་ལམ་སྲོལ་དང་མི་མཐུན་པའི་ཐོག་ནས་༸གོང་ས་མཆོག་རྒྱའི་དམག་སྒར་དུ་གཟིགས་མོར་གདན་ཞུ་བྱས་ཤིང་། རང་རིགས་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོ་ཕེབས་བཤོལ་ཞུ་བར་འདུ་ཚོགས་སྐབས། རྒྱ་དམག་གིས་བཞུགས་ཡུལ་ནོར་གླིང་ཕྱོགས་སུ་མེ་སྒྱོགས་འཕངས་སྟབས། ཉིན་གཉིས་རྗེས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་བཙན་བྱོལ་གྱི་ལམ་བུ་མ་སྙེགས་ཀ་མེད་བྱུང་ཡོད།
བོད་མི་ཚོས་ཕེབས་བཤོལ་ཞུ་དགོས་པའི་རྐྱེན་རྩ་ནི། ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༢༤ ཉིན། མའོ་ཙེ་ཏུང་གིས། བོད་ལྗོངས་ཀྱིས་ཁུལ་དེར་ཁྱོན་ཡོངས་ནས་ངོ་ལོག་ཟིང་འཁྲུག་ལ་ཁ་གཏད་གཅོག་པར་གྲ་སྒྲིག་བྱེད་དགོས། ཟིང་འཁྲུག་ཅི་ཙམ་ཆེ་ན་དེ་ཙམ་བཟང་། བོད་ལྗོངས་ཀྱི་ལོག་སྤྱོད་ཤོག་ཁག་གིས་ཁྱོན་ཡོངས་ནས་ངོ་ལོག་ཟིང་འཁྲུག་བསླངས་པ་ཡིན་ཚེ། ཁུལ་དེའི་ངལ་རྩོལ་མི་དམངས་རྣམས་སྔ་ཙམ་བཅིངས་འགྲོལ་ཐོབ་ཐུབ་ཀྱི་རེད། དེ་ལ་ཐེ་ཚོམ་མེད་ཅེས་ལམ་སྟོན་བྱས་ཟིན་ལ། དོན་དངོས་སུའང་མདོ་ཁམས་གཉིས་ཀྱི་དགོན་སྡེ་ཕལ་མོ་ཆེ་ ༡༩༥༩ གོང་རྩ་གཏོར་བཏང་ཡོད་ཅིང་། བླ་དཔོན་མི་ཉུང་བ་ཞིག་ཚོགས་འདུ་དང་། སློབ་སྦྱོང་གི་མིང་ཐོག་ནས་བཙན་ཁྲིད་བཙོན་འཇུག་དང་། རྐྱེན་ལམ་དུ་བཏང་བ་བྱུང་ཡོད་པས། བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱའི་དམག་སྒར་དུ་གཟིགས་མོར་ཕེབས་བཤོལ་ཞུས་པ་ནི་རྒྱུ་མཚན་ཡང་དག་ལྡན་པའི་དོགས་ཟོན་ཞིག་ཡིན།
ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༣༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢་༠༠ སྟེང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བཅར་སྐུ་འཁོར་རྣམས་ཆུ་དྭངས་མོར་ཞབས་སོར་འཁོད་པ་དང་། ཟླ་ ༤ ཚེས་ ༢༠ ཉིན། རྒྱ་གར་གཞུང་གིས་གོ་སྒྲིག་གནང་བའི་མ་སུ་རིར་ཕེབས་འབྱོར་གྱིས་ལོ་གཅིག་ལྷག་བཞུགས་འཇགས་གནང་།
རྒྱ་གར་གྱི་སྲིད་བློན་པཎྜིཏ་ནྷེ་རུ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་དྭངས་མོར་༸ཞབས་སོར་འཁོད་པའི་ཉིན་དེར་རྒྱ་གར་གྲོས་ཚོགས་སུ་༸གོང་ས་༸ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཡོད་ཅེས་གསུངས་འདུག་ཅིང་། ཚེས་ ༢༤ ཉིན། ནྷེ་རུ་མཆོག་མ་སུ་རིར་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་སྐབས། བཙན་བྱོལ་བོད་གཞུང་འཛུགས་རྒྱུར་ཐུགས་མོས་གནང་མེད་ནའང་། ཚེས་ ༢༥ ཉིན། ༸གོང་ས་མཆོག་གིས་ཀ་སྦུག་ནས་མ་སུ་རིར་མཇལ་བཅར་གཞུང་ཞབས་ཚོར། “ད་རེས་གཞིས་བྱེས་མཉམ་འཛོམས་འདིའི་ཐོག་ནས་ཕྱིས་འབྱུང་གཞུང་གི་ལས་དོན་སྒྲུབ་ཕྱོགས་དང་། བོད་གཞུང་གི་སྒྲིག་འཛུགས་དེང་དུས་དང་མཐུན་པའི་བསྐྱར་བཟོ་དང་འབྲེལ་བའི་ལས་བགོས་རྒྱག་ཕྱོགས་གོ་བསྡུར་གནང་དགོས་ʼʼཞེས་བཀའ་ཕེབས་པ་ལྟར། བཀའ་བསྡུར་བརྒྱུད་ཆོས་དོན་དང་། ཕྱི་སྲིད། ནང་སྲིད། འདུ་འགོད་(དཔལ་འབྱོར་)བཅས་ལས་ཁུངས་ཆེ་བ་བཞི་དང་། ལྡི་ལི་སྐུ་ཚབ་དོན་ཁང་བཅས་གསར་འཛུགས་བསྐྱངས་ཏེ། བོད་དོན་འཐབ་རྩོད་དང་། བཙན་བྱོལ་བའི་བདེ་དོན་ལ་སྲི་ཞུ་ཞབས་འདེགས་སྒྲུབ་མཁན་སྒྲིག་འཛུགས་ཀྱི་རྨང་གཞི་བཏིང་གནང་མཛད།
ཐོག་མའི་དུས་ཀྱི་ཆར། ༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་པ་རྒྱུན་མཐུད་རྩ་བརླགས་གཏོང་བཞིན་པའི་དངོས་བདེན་གནས་ཚུལ་རྣམས་འཛམ་གླིང་ཡོངས་ལ་མཁྱེན་རྟོགས་སླད་ཡིག་ཆ་ཕྱོགས་བསྒྲིགས་དང་། བོད་དོན་ལ་དོ་སྣང་བྱེད་མཁན་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱིས་མཚོན། གསར་འགྱུར་བརྒྱུད་ལམ་ཁག་གི་དྲི་བར་དྲིས་ལན་རྒྱུན་བསྟུད་ནས་གནང་ཞིང་། དེ་མཚུངས་སུ་རྒྱ་བལ་འབྲུག་གསུམ་དུ་བོད་མི་བཙན་བྱོལ་བ་རྒྱུན་ཆད་མེད་པར་ཡོང་བཞིན་པ་རྣམས་ལམ་བཟོས་མཚོན་པའི་འཚོ་ཐབས་གོ་སྒྲིག་གནང་ཡོད།
ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ ༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང་བའི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས། “ད་ཕྱིན་ཆད་ང་ཚོས་སྔར་བཞིན་ཕྱི་རྒྱལ་ལ་འབྲེལ་བ་མ་བྱས་པར་རང་ཉིད་གཅིག་པུར་སྡོད་ཐུབ་ཐབས་གཏན་ནས་མེད་པས། ང་ཚོའི་ཁྱིམ་མཚེས་རྒྱ་གར་གྱི་སྐད་ཡིག་དང་།འཛམ་གླིང་དུ་ཁྱབ་རྒྱ་ཆེ་ཤོས་དབྱིན་ཇིའི་སྐད་ཡིག །འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། ཚན་རིག་ལ་སོགས་པའི་དེང་དུས་ཀྱི་ཤེས་བྱའི་རྣམ་གྲངས་གཙོ་ཆེ་བ་ཚང་མ་སློབ་སྦྱོང་བྱེད་དགོས་ཤིང་། དེ་དང་ཆབས་ཅིག་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་ཡི་གེ་དང་། ནང་ཆོས་གཙོ་བོར་གྱུར་པའི་རིག་གཞུང་གི་རྣམ་གྲངས་མང་དག་ཡོད་པ་རྣམས་ཀྱང་ངེས་པར་དུ་སློབ་སྦྱོང་བྱས་ཏེ་དོན་སྙིང་ང་ཚོའི་བོད་ཕྲུག་ན་གཞོན་མི་རབས་གསར་བ་འདི་དག་ཆོས་སྲིད་གཉིས་ལྡན་གྱི་ཤེས་ཡོན་ཅན་ཤ་སྟག་ཡོང་ཐབས་འབད་བརྩོན་བྱེད་དགོས་”ཞེས་གནའ་དེང་གི་ཤེས་ཡོན་ཟུང་དུ་སྦྲེལ་དགོས་པའི་སྲིད་ཇུས་གསལ་སྟོན་མཛད་པ་མ་ཟད། བོད་ཕྲུག་རྣམས་རྒྱ་གར་གྱི་སྤྱི་ཚོགས་ནང་སིམ་ཡལ་དུ་མི་འགྲོ་བའི་ཆེད། རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་མཛད་དེ། དབུས་བོད་སློབ་འཛིན་ཚོགས་ཀྱི་ལྟ་སྐྱོང་འོག་བོད་ཕྲུག་ཁེ་གཙང་གི་སློབ་གྲྭ་ཟུར་འཛུགས་དང་། རིམ་བཞིན་དྷ་ས་དང་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དང་། བལ་ཡུལ་གངས་ཅན་བདེ་རྩ། སཾ་བྷོ་ཊ་བཅས་ཀྱི་བོད་སློབ་མ་ལག་གསར་འཛུགས་རྒྱ་བསྐྱེད་བསྐྱངས་ཏེ། བཙན་བྱོལ་བོད་མིའི་འཛིན་སྐྱོང་དང་། ཤེས་ཡོན། སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་འགན་ཁུར་རྐང་ལེན་བྱེད་མཁན་འདབ་གཤོག་གཉིས་ལྡན་གྱི་མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་གནང་ཐུབ་ཡོད།
ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡ ཉིན། བཞུགས་སྒར་དྷ་རམ་ས་ལར་སྤོས་རྗེས། བཙན་བྱོལ་དུ་འབྱོར་བའི་ཁོངས་དགེ་འདུན་རྣམས་ནས་འཕགས་པའི་རིགས་བཞི་ལ་ཚུལ་བཞིན་དུ་གནས་ཏེ་ྋརྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་པ་དང༌། ལོ་ ༡༦ མན་གྱི་བོད་ཕྲུག་ཚོས་སློབ་སྦྱོང་བྱེད་རྒྱུ། ལོ་ ༢༠ སྐོར་གྱི་ན་གཞོན་རྣམས་བཟོ་ལས་སྣ་ཚོགས་པའི་སློབ་སྦྱོང་དང༌། ལས་ཀར་ཞུགས་ཐུབ་པ། དེ་ཡན་གྱི་རྒན་པ་རྣམས་ས་ཞིང་ཐོག་གཞིས་ཆགས་སོ་ནམ་གཙོ་གྱུར་གྱི་ཐོན་སྐྱེད་བྱ་རྒྱུ། ལས་ཀ་མི་འཕེར་ངེས་ཅན་གྱི་ལོ་ན་ཆེས་རྒན་པའི་རིགས་དང༌། ནད་གཅོང་རིགས་རྒན་གསོ་ཁང་དུ་འཚོ་སྐྱོང་ཐུབ་ཐབས་བཅས་ཀྱི་རེ་འདུན་དང་འབད་རྩོལ་བྱེད་བཞིན་པ་ཡིན་ཞེས་འཆར་འགོད་གནང་བ་ལྟར་འབད་སྒྲུབ་མཛད་ཡོད་ཅིང་།
ཕྱི་ལོ་ ༡༩༦༠ ཟླ་ ༡༢ ཚེས་ ༡༦ ཉིན། བཙན་བྱོལ་བོད་མིའི་གཞིས་ཆགས་ཐོག་མ་ལུགས་ཟུང་བསམ་འགྲུབ་གླིང་ཆགས་ཡུལ་དུ་རྒྱ་གར་བྱང་ཕྱོགས་ཅམ་པ་དང་། ཌལ་ཧོར། ཀུ་ལུ་མ་ན་ལི་ཁུལ་ནས་བོད་མི་ ༦༦༦ འབྱོར་ཏེ་གཞིས་སྒར་འཛུགས་སྐྲུན་འགོ་འཛུགས་ཀྱིས། ༡༩༦༧ ལོ་བར་བོད་མི་ ༣༠༠༠ ཐམ་པའི་ལས་གཞི་ཡོངས་སུ་གྲུབ་ཅིང་།རིམ་པ་བཞིན་བརྒྱ་ཕྲག་སྔོན་མའི་ལོ་རབས་བདུན་ཅུ་པའི་འགོ་སྟོད་བར་དུ་བོད་མི་འདུ་གནས་གཞིས་སྒར་ ༥༤ཙམ་གྱི་ལས་གཞི་ཁག་མཇུག་བསྒྲིལ་གནང་ཐུབ་ཡོད། ༸གོང་ས་མཆོག་གིས་གཞིས་སྒར་ཟུར་འཛུགས་ཀྱི་དགོངས་གཞི་དེ་ནི་བོད་མི་བཙན་བྱོལ་བ་རྣམས་འཚོ་གནས་ཀྱི་ཁོར་ཡུག་ལྷིང་འཇགས་ཤིག་ཡོང་ཐབས་སུ་དམིགས་པ་ཙམ་དུ་མ་ཟད། བོད་མིའི་ངོ་བོ་གཅེས་ཉར་དང་། བོད་དོན་འཐབ་རྩོད་རྒྱུན་གནས་ཀྱི་རྨང་གཞི་གལ་འགངས་ཆེ་ཤོས་སུ་གཟིགས་པ་ལྟར་དོན་གྱིས་ཀྱང་གྲུབ་ཡོད།
ཕྱི་ལོ་ ༡༩༥༩ ཟླ་ ༥ ནང་སྦག་ས་ཆོས་སྒར་གསར་ཚུགས་སྐབས། རྒྱ་གར་གཞུང་གིས་བླ་གྲྭ་ ༣༠༠ ཐམ་པའི་ཚད་བཀག་བཟུང་འདུག་པར། འབྲེལ་ཡོད་ལ་ཞུ་སྐུལ་རིམ་བསྟུད་མཛད་དེ་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་ཞལ་གྲངས་ ༡༥༠༠ ཐམ་པར་མཐུན་རྐྱེན་མཁོ་སྤྲོད་གནང་རྒྱུའི་ཞལ་བཞེས་ཐོབ་ཅིང་། དེ་མཚུངས་སུ་ཌལ་ཧོར་ཁུལ་དུ་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་མཚོན་སྒྲུབ་སྡེ་ཆོས་སྒར་གསར་འཛུགས་བསྐྱངས། ཡིན་ནའང་སྦག་ས་ཆོས་སྒར་དུ་ཁོར་ཡུག་གུ་དོག་པ་དང་། གནམ་གཤིས་ཚ་ངར་བརླན་གཤེར། འགྲིམས་འགྲུལ་མི་བདེ་བ། འགོས་ནད་ཁྱབ་གདལ་སོགས་ཀྱི་དབང་གིས་དགེ་འདུན་པའི་འཚོ་གནས་ལ་དཀའ་ཉེན་རིམ་པར་འཕྲད་སྟབས། ༸གོང་ས་མཆོག་གིས་རྒྱ་གར་གཞུང་དང་འབྲེལ་ཡོད་ལ་གནས་ལུགས་སྦྱངས་བཤད་རིམ་པར་གནང་སྟེ། ཕྱི་ལོ་ ༡༩༦༩ ལོར་བླ་གྲྭ་རྣམས་བོད་མིའི་གཞིས་སྒར་སོ་སོའི་ཁོངས་སུ་སྤོ་འགོ་ཚུགས་ཐུབ་པ་བྱུང་། སྦག་སའི་དགེ་འདུན་པ་རྣམས་ནི་འདུས་སྡེ་ཆེན་པོ་ཁག་གཞི་འཛུགས་ཀྱི་ས་བོན་དུ་གྱུར་ཅིང་། དེ་ལྟར་གཞིས་སྒར་ཁག་ཏུ་བཞེངས་སྐྲུན་གནང་བའི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་སྡེ་ཁག་གིས་ནང་བསྟན་རྒྱུན་འཛིན་དར་སྤེལ་ཙམ་དུ་མ་ཟད། བོད་ཀྱི་སྐད་ཡིག་རིག་གཞུང་གཅེས་ཉར་དར་སྤེལ་དང་། འཛམ་གླིང་ཧྲིལ་པོར་བོད་ཀྱི་ཆོས་རིག་གི་རིན་ཐང་མཚམས་སྦྱོར་ལ་བྱེད་ནུས་རླབས་ཆེན་བཏོན་དང་འདོན་མུས་ཡིན།
ཕྱི་ལོ་ ༢༠༡༡ ལོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་བསྐྱར་བཅོས་ ༢༥ པར་ཆོག་མཆན་བཀའ་འཁྲོལ་བསྩལ་བ་བརྒྱུད་༸མགོན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་མཐའ་དག་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་ཆ་བགོས་ཀྱིས་གསོལ་བསྩལ་གནང་བ་དེའང་། ལོ་ངོ་བརྒྱ་ཕྲག་ཕྱེད་ལྷག་རིང་ཐུགས་དགོངས་ཟབ་བཞེས་ཀྱིས་གོམ་པ་རིམ་སྤོའི་ལམ་ནས་ཐག་གཅོད་མཛད་པ་ཞིག་སྟེ། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱུང་བ་ནས་༸གོང་ས་མཆོག་ཕྱེད་བགྲེས་ཡོལ་གྱི་ཚུལ་དུ་བཞུགས་པ་དང་། ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ། མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་རྒྱ་བསྐྱེད་དང་། ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡོད་པའི་མང་གཙོའི་ཀ་བ་གསུམ་དང་། འོས་བསྡུ་དང་། ལས་བྱེད་འདེམས་བསྐོ། རྩིས་ཞིབ་བཅས་རང་དབང་ལྡན་པའི་སྡེ་ཚན་གསུམ་ཡོད་པའི་སྒྲིག་འཛུགས་ཚགས་ཚུད་འཐུས་ཚང་བཀོད་སྒྲིག་མཛད་པ་དེ་ཡང་ཕྱི་ལོ་ ༡༩༦༠ ལོར་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་མཛད་དེ་མི་ལོ་ ༣༠ སོང་བའི་ཉམས་མྱོང་གཞི་ལ་བཞག་སྟེ་ཐུགས་ཐག་བཅད་གནང་བ་ཞིག་ཡིན་ལ། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རབས་འདིའི་མགོ་མཇུག་བར་གསུམ་ནི་༸གོང་ས་མཆོག་གིས་སྟེང་ནས་གཤམ་དུ་སྐུལ་འདེད་དང་སྣེ་ཁྲིད་མཛད་པ་ཞིག་ཡིན།
ཕྱི་ལོ་ ༡༩༧༣ ལོ་ནས་བཟུང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་ཆོལ་ཁ་གསུམ་སྐྱིད་མཉམ་སྡུག་མཉམ་གྱི་དབུ་མའི་ལམ་གྱི་ཐུགས་བཞེད་འཁྲུངས་ཏེ། ༡༩༧༩ ལོར་བོད་རྒྱ་འབྲེལ་མཐུད་བྱུང་བའི་རྗེས་འབྲེལ་དུ། བོད་ཕྱི་ནང་དབར་གཉེན་འཕྲད་འགྲོ་འོང་སྒོ་ཕྱེས་ཏེ། ཕྱི་ལོ་ ༡༩༨༠ ནས་ ༢༠༡༡ བར་དུ་བོད་ནས་རྒྱ་གར་དུ་གཉེན་འཕྲད་དམ་གནས་སྐོར་དུ་ཡོང་མཁན་ཁྱོན་བསྡོམས་ ༨༦༢༢༥ བྱུང་ཡོད་ཁོངས། སློབ་གྲྭ་ཁག་ཏུ་སྐྱོད་མཁན་གྲངས་ ༢༠༦༦༨ དང་། དགོན་སྡེ་ཁག་ཏུ་ཞུགས་མཁན་གྲངས་ ༡༧༤༨༩ དང་། རྒྱ་བལ་འབྲུག་གསུམ་དུ་གཞིས་སྤོའི་ཆེད་དུ་འབྱོར་བ་ ༡༤༣༥ བྱུང་ཡོད་ཅིང་། དེ་དག་བུ་ཕྲུག་དང་བཅས་པའི་ཁྲོད་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་མ་ལག་དང་། ཤེས་ཡོན་སྡེ་ཁག །གདན་ས་གྲྭ་ཚང་། སྤྱི་ཚོགས་ཀྱི་སྡེ་ཚན་ཅི་རིགས་བཅས་སུ་སྲི་ཞུ་ཞབས་འདེགས་སྒྲུབ་མཁན་ཇི་སྙེད་ཅིག་ཡོད།
ཕྱི་ལོ་ ༡༩༥༩ ནས་ ༡༩༦༥ བར་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུགས་རིམ་པར་མཛད་དེ་བོད་དོན་སྐོར་གྲོས་ཆོད་ཁག་གསུམ་འཇོག་ཐུབ་ཡོད་པ་དང་། འཛམ་གླིང་འདི་གྲང་དམག་གི་འདུ་ལོང་འཁྲུག་པོའི་ཁོར་ཡུག་ཅིག་ཏུ་སྐྱབས་བཅོལ་བའི་གནས་བབས་ཐོག་འཚོ་སྡོད་བྱེད་དགོས་ཀྱི་ཡོད་ནའང་། ཐོག་མཐའ་བར་གསུམ་དུ་ཤར་ནུབ་རྒྱལ་ཁག་དང་མཛའ་མཐུན་གྱི་འབྲེལ་བ་སྤྱི་སྙོམས་སུ་རྒྱུན་འཁྱོངས་གནང་བ་ལ་བརྟེན་ནས། བོད་དོན་ལ་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་གླིང་དང་གླིང་ཆེན་གྱི་མཐའ་དབུས་གྲུ་ཟུར་ཀུན་ཏུ་ཁྱབ་ཡོད་པ་འདི་ཡིན།
དེ་བཞིན་དུ་ཕྱི་ལོ་ ༡༩༦༠ ལོར་སུད་སིར་བོད་ཕྲུག་བཅུ་ཕྲག་ཁ་ཤས་ནས་གཏོང་འགོ་བཙུགས་ཏེ་སྔ་རྗེས་རིམ་པ་བཞིན་ཕྱི་ལོ་ ༡༩༨༡ ལོའི་བར་བོད་མི་ཆིག་སྟོང་ཆེད་གཏོང་གནང་ཡོད་པ་དང་། གཞུང་འབྲེལ་གཞིས་སྤོ་ཐོག་མ་ ༡༩༧༡ ནས་བཟུང་ཁེ་ན་ཌར་རིམ་བཞིན་བོད་མི་གྲངས་ ༢༢༨ ཆེད་གཏོང་མཛད་པ་དང་། ༡༩༩༢ ལོར་ཨ་རིར་བོད་མི་ཆིག་སྟོང་གི་གཞིས་སྤོ་ལས་གཞི་དང་། ༢༠༡༣ ལོར་ཁེ་ན་ཌར་བོད་མི་ཆིག་སྟོང་གཞིས་སྤོ་ལས་གཞི། ཕྱི་ལོ་ ༡༩༩༦ ནས་ད་བར་ཨོ་སི་ཀྲི་ལི་ཡར་དམིགས་བསལ་རང་རིགས་ཉིས་སྟོང་ལྷག་རིམ་གཏོང་གི་ལས་གཞི་བཅས་ཀྱང་། ༸གོང་ས་མཆོག་གིས་འཕྲལ་ཕུགས་ཀྱི་དགེ་མཚན་དུ་མར་དགོངས་པ་ཟབ་བཞེས་ཀྱིས་ཐུགས་བཀོད་དང་ཕྱག་བསྟར་གནང་བ་ཞིག་ཡིན་ལ། དེ་བཞིན་སྒེར་ངོས་ནས་གཞིས་སྤོ་བྱེད་མཁན་ཇི་སྙེད་ཅིག་བྱུང་སྟེ་ད་ཆ་རྒྱལ་ཁབ་ ༣༠ ཙམ་གྱི་ནང་བོད་མིའི་འདུ་གནས་ཆགས་ཐུབ་པ་དེས་གཞིས་སྤོ་བ་སྒེར་སོ་སོའི་འཚོ་གནས་ཁོར་ཡུག་ལེགས་བཅོས་ཙམ་དུ་མ་ཟད། བོད་དོན་འཐབ་རྩོད་ལའང་ཕན་ནུས་རྒྱ་ཆེར་འབྱུང་བཞིན་ཡོད།
འདི་ལྟར། བཙན་བྱོལ་བོད་མི་འདུས་སྡོད་བྱ་ཡུལ་གྱི་གཞིས་སྒར་དང་། དགོན་པ་གྲྭ་ཚང་། སློབ་གྲྭ་ཁག་བཅས་ཐོག་མ་འཆར་གཞི་འདིང་སྐབས་ནས། བར་དུ་རྨང་གཞི་འཛུགས་སྐྲུན་དང་། རིམ་པས་འཐུས་ཚང་ཡར་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱིན་གྱིས་མ་བརླབས་པ་དང་། ༸ཞབས་ཀྱིས་མ་བཅག་པ་མེད་ཅེས་ཞུ་ཆོག་ལ། ཆིབས་བསྒྱུར་ཀྱི་སྐབས་སོ་སོར་མང་ཚོགས་ལ་ཁོར་ཡུག་གསར་པའི་ནང་འགྲོ་འདུག་ཉལ་འཆག་གི་རྨང་གཞིའི་ཤེས་བྱ་དང་། བསྟན་སྲིད་ལ་ཞབས་འདེགས་ཞུས་ཏེ་མི་ཚེའི་སྙིང་པོ་སྒྲུབ་སྟངས་ཀྱི་བསླབ་བྱ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་སྙེགས་ཐབས་ཀྱི་གསུང་ཆོས་ཇི་ལྟར་བསྩལ་བའི་རིམ་པ་རྣམས་རང་ཅག་སྐལ་ལྡན་ཚང་མར་བློ་ངེས་སེམས་གསལ་ཡིན།
བཙན་བྱོལ་གྱི་མི་ལོ་ ༦༣ ལ་ཕྱིར་མིག་ལྟ་སྐབས། བཙན་བྱོལ་བོད་གཞུང་གསར་འཛུགས་བསྐྱངས་ཏེ། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གཞུང་ས་དགའ་ལྡན་ཕོ་བྲང་ལ་ཐུག་པའི་བར་གྱི་བོད་རྒྱལ་ཁབ་ཆེན་པོའི་ཁྲིམས་མཐུན་མངའ་དབང་རྒྱུན་སྐྱོང་ཐོག།།བོད་དོན་འཐབ་རྩོད་དང་། བོད་མིའི་བདེ་དོན་ལ་ལྟ་སྐྱོང་བྱེད་པོ་དབང་ལྡན་འཛིན་སྐྱོང་གི་བྱེད་སྒོ་ཁག་དུས་ཀྱི་འགྱུར་འགྲོས་དང་བོད་མིའི་གོ་རྟོགས་འདུན་མོས་ལ་བསྟུན་ཏེ་ཚགས་ཚུད་ཡར་རྒྱས་སུ་གཏོང་གནང་མཛད་པ་དང་། ཆོལ་གསུམ་བོད་རིགས་ཡོངས་སུ་རྫོགས་པ་མི་རིགས་ཀྱི་འདུ་ཤེས་གོང་བུ་གཅིག་ཏུ་བསྒྲིལ་བའི་རྨང་གཞིའི་སྟེང་། རང་རིགས་བཙན་བྱོལ་བ་རྣམས་གནས་ཡུལ་རྒྱལ་ཁབ་ཁག་ཏུ་སིམ་ཡལ་མི་འགྲོ་བའི་ཆེད་དུ་བོད་མིའི་འདུ་གནས་གཞིས་སྒར་འཛུགས་སྐྲུན་གནང་སྟེ། སོ་ནམ་དང་། ལག་ཤེས་བཟོ་ལས། ཚོང་ལས་སོགས་ཀྱི་འཚོ་ཐབས་སྦྱོར་འཇགས་དང་། དེ་བཞིན་བོད་མི་རང་གིས་འཛིན་སྐྱོང་བྱེད་པའི་སྔོན་འགྲོ་ནས་གཙུག་ལག་སློབ་ཁང་བར་གྱི་སློབ་གྲྭ་དང་། རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་བཤད་སྒྲུབ་ཀྱི་སྡེ། བོད་ལུགས་གསོ་རིག་དང་ཕྱི་ལུགས་ཀྱི་སྨན་ཁང་གིས་མཚོན་པའི་མཐུན་རྐྱེན་འདི་ལྟ་བུ་ཞིག་འཛམ་གླིང་འདིར་བཙན་བྱོལ་བའི་ཚོ་ཁག་གཞན་དུ་མཐོང་རྒྱུ་མེད་ཅིང་། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་ལ། དེ་ཡང་ཉིན་ཞག་ལོ་ཟླ་དེ་དག་རིང་ཐབས་ལ་མཁས་ཤིང་ཐུགས་སྟོབས་བཙན་པར་བགོས་ཏེ་སྐུ་ངལ་སྣ་ཚོགས་བདག་གིར་ལྷུར་བཞེས་ཀྱིས་ཕྱི་ནང་འགལ་རྐྱེན་གེགས་བར་མཐའ་དག་རིམ་བསལ་མཛད་པའི་འབྲས་བུ་ཡིན་པས། ༸མགོན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཀྱི་ཞབས་འདེགས་སྒྲུབ་མཁན་མི་རབས་རྒན་པ་རྣམས་ལའང་དུས་ཆེན་འདིའི་སྟེང་ནས་ལེགས་སོའི་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༡༣ ལྷག་འཚོ་བཞུགས་གནང་རྒྱུ་ཚད་མའི་ལུང་གིས་ཟིན་པ་མ་ཟད། ༸མགོན་པོ་མཆོག་ཉིད་ཀྱིས་ཀྱང་སྔ་རྗེས་སུ་ཡང་ཡང་ཞལ་གྱིས་བཞེས་ཡོད་པས། རང་ཅག་ལས་ཀྱི་སྣེ་མོ་བ་རྣམས་དང་། མང་ཚོགས་ཐུན་མོང་ནས་སྤྱི་མཐུན་བསོད་ནམས་གསོག་པ་དང་། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་༸གོང་ས་མཆོག་ཐུགས་འཚབ་དང་ཐུགས་བསུན་འབྱུང་གཞིའི་གཏམ་སྤྱོད་མཐའ་དག་རྒྱང་དུ་དོར་ཏེ། ཐུགས་སྐྱེད་དམ་བཅའ་བཞི་གཙོ་འགྱུར་གྱིས་བཀའ་དགོངས་བཞིན་རྣམ་དཀར་དགེ་བའི་ལས་ལ་གཞོལ་ཞིང་། སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་ལས་དོན་བྱེད་སྒོ་མཐའ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འབད་སྒྲུབ་ཞུ་མུས་ཡིན་ཞིང་། མ་འོངས་པར་ཡང་༸མགོན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུའི་དམ་བཅའ་བརྟན་བཟུང་ཡིན་ཞུ་རྒྱུ།
སྐབས་ ༡༦ པའི་བཀའ་ཤག་གི་ལས་འགོ་ཚུགས་པ་ནས་བཟུང་། འཛིན་སྐྱོང་གི་སྒྲོམ་གཞི་ལ་དགོས་ངེས་ཀྱི་བསྒྱུར་བཅོས་དང་། ལས་དོན་བྱེད་ཕྱོགས་ལམ་ལུགས་ཅན། ལས་གཞི་ཁག་འཆར་གཞི་དང་ལྡན་པ། དགོས་མཁོའི་མཐུན་རྐྱེན་དུས་ཀྱི་འགྱུར་འགྲོས་ལ་སྙེགས་ཐབས་བཅས་འབད་བརྩོན་ཞུ་བཞིན་པ་དང་། དེ་མཚུངས་ཀྱི་ས་གནས་ཁག་ལ་སྐོར་སྐྱོད་དང་། རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཁག་ཀྱང་ལམ་ལྷོངས་ལྡན་པའི་ངང་འགྲོ་མུས་ཡིན་ལ། ཟླ་བ་སྔོན་མའི་ནང་། སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་སྐོང་ཚོགས་ལ་འཛིན་སྐྱོང་ནས་མཐུན་འགྱུར་རམ་འདེགས་གང་ཡོང་ཞུས་ཡོད་ཅིང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཚོགས་ཆུང་གི་ U.S. Congressional-Executive Commission on China གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་ལོ་རྒྱུས་གནས་བབ་སྐོར་གྱི་ཉན་ཞིབ་ཚོགས་འདུ་དོན་སྙིང་ལྡན་པ་ཞིག་ཚུགས་ཐུབ་ཡོད།
བོད་མིའི་སྒྲིག་འཛུགས་ལ་མི་འབོར་ཚད་འཕེར་ཞིག་དགོས་ངེས་ཅན་ཡིན་པ་དང་། དེ་ཡང་ལས་གཞི་ལག་བསྟར་དང་། དྲ་ལམ་བརྒྱུད་འཛིན་སྐྱོང་། མཐུན་རྐྱེན་བགོ་འགྲེམས། འོས་བསྡུའི་ལས་དོན་བཅས་ཀྱི་སྐབས་སུ་ཡིད་རྟོན་རུང་ཞིང་ཚད་འཛིན་འཕེར་བའི་གྲངས་ཀའི་གཞི་ཁུངས་བཙན་པ་ཞིག་ཡོང་ཆེད། མི་འབོར་གྲངས་བཤེར་གྱི་ལས་གཞི་ཞིག་གང་མགྱོགས་ལག་བསྟར་བྱེད་ཀྱི་ཡོད་སྟབས། བཙན་བྱོལ་བོད་མི་ཡོངས་སུ་རྫོགས་པ་ལས་གཞི་དེར་མཉམ་ཞུགས་མཐུན་འགྱུར་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་། ཁྱད་པར་བདག་ཅག་གངས་ཅན་པ་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་གསོལ་བ་འདེབས་ཅིང་། ༸མགོན་པོ་གང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བཀའ་ཤག་གིས་ ༢༠༢༢ ཕྱི་ཟླ་ ༧ ཚེས་ ༦ ལ།།