༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢ ཉིན་ཐའེ་ཝན་དུ་དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩིའི་རོལ་དབྱངས་མཛད་སྒོའི་ཐོག་མགོན་པོ་གང་ཉིད་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་གྱིས་ཞབས་སྟེགས་སུ་འཁོད་མཚམས་ཐའེ་ཝན་ནས་དྲ་ལམ་བརྒྱུད་མགོན་པོ་གང་ཉིད་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་རྗེས་གླུ་གཞས་སྒྱུ་རྩལ་བ་ཁག་གཅིག་གིས་ཨ་མའི་བྱམས་བརྩེ་ཞེས་པའི་གསུང་གཞས་མཉམ་ལེན་དང་༸གོང་ས་མཆོག་གིས་དགྱེས་གཟིགས་མཛད།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་གླུ་གཞས་གཟིགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཐའེ་ཝན་གྱི་ཆོས་གྲོགས་ཚོས་ངོས་ཀྱི་སྐྱེས་སྐར་དུས་ཆེན་དམིགས་བསལ་གྱིས་གཟབ་སྤྲོས་ཆེན་པོའི་ཐོག་གྲ་སྒྲིག་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་མཐིལ་དུ་བཟུང་མཁན་ཞིག་ཆགས་ཡོད། དེར་བརྟེན་ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་སྨོན་ལམ་འདི་ཉིན་རེ་བཞིན་རྒྱག་བཞིན་ཡོད། ཚེ་རབས་ནས་ཚེ་རབས་སུ་གཞན་དོན་སྒྲུབ་ས་ཞིག་ཏུ་སྐྱེས་པར་ངོས་ལ་དམ་བཅའ་བརྟན་པོ་ཡོད། ནམ་མཁའ་མ་ཟད་ཀྱི་བར་དུ་སྐབས་ཐོག་གི་ཁམས་དང་མོས་པ་དང་མཐུན་པའི་ལམ་སྟོན་བྱེད་ཐུབ་མཁན་གྱི་ལྷ་དང་ཀླུ། མིའི་རྟེན་གང་རུང་ལ་སྐྱེས་ནས་གཞན་དོན་སྒྲུབ་བསམ་པའི་སེམས་ཤུགས་ནམ་ཡང་ཆག་མེད། དེ་ལོ་གཅིག་གཉིས་དང་ཚེ་རབས་གཅིག་གཉིས་ཀྱི་སྐད་ཆ་མིན་པར། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པའི་སྨོན་ལམ་འདིས་སེམས་ཤུགས་ཧ་ཅང་བསྐྱེད་ཀྱི་འདུགད་ལྟའི་དུས་རབས་འདི་ལ་ངོས་རང་བོད་མདོ་སྨད་ཁུལ་དུ་སྐྱེས་པ་རེད། མ་འོངས་པར་ཚེ་རབས་ནས་ཚེ་རབས་གནས་གང་དུ་ངོས་ཀྱིས་ཕན་ཐོགས་བྱས་ཏེ་ཞབས་འདེགས་སྒྲུབ་ཐུབ་ས་དེ་ལ་ངོས་རང་སྐྱེས་ཀྱི་རེད། དེ་ལ་ཐེ་ཚོམ་ཁྱོན་ནས་མེད། ད་ལྟའི་མི་ཚེ་འདི་ལ་ཆ་བཞག་ན་ངོས་རང་བོད་མི་ཞིག་དང་མདོ་སྨད་དུ་སྐྱེས་ཡོད། གང་ལྟར་བོད་མི་ཚོས་ངོོས་ལ་ཡིད་ཆེས་དང་དད་པ། དགའ་པོ་བྱེད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན་ངོས་ཀྱི་མི་ཚེ་འདི་དཀའ་ངལ་མང་དག་བརྒྱུད་བོད་ཀྱི་སངས་རྒྱས་བསྟན་པ་དང་། མི་རིགས་ཀྱི་དོན་དུ་ངོས་ཀྱིས་ཞབས་འདེགས་གང་འཚམ་བསྒྲུབས་ཡོད། དེར་བརྟེན་ད་ལྟའི་རྟེན་འདིར་ཚེ་རབས་ནས་དམིགས་བསལ་ལས་འབྲེལ་ཡོད་པའི་བོད་རིགས་ཚོར་ངོས་ཀྱིས་ཕན་ཐོགས་བྱེད་པ་ཞིག་ཡོང་གི་ཡོད་པ་རེད། ངོས་རང་མུ་མཐུད་ནས་ཉུང་མཐར་ལོ་ཉི་ཤུ་སུམ་ཅུ་སྡོད་ཀྱི་རེད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨང་། ཧུར་ཐག་བྱོས།
གང་ལྟར་ང་ཚོ་ནི་སངས་རྒྱས་པའི་ཆོས་པ་རེད། སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ལྟ་གྲུབ་ཀྱི་སྐོར་དང་སེམས་པ་བཟང་པོ་བྱེད་རྒྱུ་གཉིས་གལ་ཆེན་པོ་བྱས་ནས་གསུང་གི་འདུག དེ་སེམས་ལ་ངེས་པ་བྱོས། ངོས་ལ་ཆ་བཞག་ན་ཉིན་རེ་བཞིན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། ཁྱོད་ཚོ་ངོས་ཀྱི་ཆོས་གྲོགས་རེད། ག་ཚོད་ཐུབ་ཐུབ་ཀྱིས་ཞོགས་པ་གཉིད་སད་པ་དང་སྤྱོད་འཇུག་ནས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་སྒོམ་དགོས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པ་ལྟར་རེད། ངོས་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་ཉམས་ལེན་གང་ལ་གང་འཚམ་གྱིས་ཉམས་མྱོང་སྐྱེས་ཡོད། སེམས་ཤུགས་བསྐྱེད་ནས་སྡོད་ཀྱི་ཡོད། ཁྱོད་རང་ཚོ་ལའང་དེ་དེ་བཞིན་མི་ལུས་ཐོབ། སངས་རྒྱས་པའི་ཆོས་དར་སའི་ཡུལ་གྲུ་ཞིག་ཏུ་སྐྱེས་ནས་མི་མང་པོར་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ཞབས་འདེགས་བསྒྲུབ་རྒྱུ་དང་། གལ་སྲིད་ཆོས་མེད་ནའང་སེམས་པ་བཟང་པོ་བྱེད་དགོས།
རྒྱ་རིགས་གྲོགས་པོ་ཚོའི་ནང་མཚོན་ན། དེ་སྔ་ངོས་ལ་རྒྱ་ནག་ཏུ་རྒྱ་རིགས་གྲོགས་པོ་ཧ་ཅང་མང་པོ་ཡོད། དེ་སྔ་ལྷ་སར་བསྡད་པའི་རིང་ལ་རྒྱ་རིགས་གྲོགས་པོ་ཧ་ཅང་མང་པོ་ཡོད། ཁ་ཤས་ཁ་ཞེ་གཉིས་མེད་ཀྱིས་ངོས་དང་སེམས་ཐག་ཉེ་བོ་བྱས་ཏེ་སྡོད་མཁན་ཧ་ཅང་ཡག་པོ་ཡོད། རིགས་ཁ་ཤས་ཀྱིས་འདྲ་ཆགས་པོ་བྱས་ནས་སྡོད་ཀྱི་རེད། ང་ཚོས་ཚེ་རབས་ནས་ཚེ་རབས་ཀྱི་སྐད་ཆ་བཤད་ཀྱི་ཡོད་སྟབས་འདྲ་ཆགས་པོ་བྱས་པས་ཕན་གྱི་མེད། ཁ་ཡོད་ལག་ཡོད་ཀྱིས་སེམས་པ་བཟང་པོ་བྱེད་རྒྱུ་དང་། མི་ལ་རོགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་དེ་ཉམས་ལེན་བྱེད་བཞིན་ཡོད། འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུ་ངོས་རང་འདི་ལྟར་སྡོད་ཀྱི་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བྱང་ཆུབ་སེམས་དཔའ་རེད་ཅེས་ལབ་ན་ལབ་མ་ཆོག་པ་མེད་པ་ཞིག་རེད། བྱང་ཆུབ་ཀྱི་སེམས་ངོས་ཀྱིས་ཉམས་ལེན་ཀྱི་མཐིལ་ལ་བྱེད་ཀྱི་ཡོད། དེ་བཞིན་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གཙོ་བོར་བྱེད་བཞིན་ཡོད། ཁྱོད་རང་ཚོ་ངོས་ཀྱི་ཆོས་གྲོགས་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་ཧུར་ཐག་བྱོས་ཤོག་ཨང་།
མི་ཚེ་འདི་ལ་ང་ཚོ་འབྲེལ་བ་བྱུང་བ་རྣམས་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོང་གི་རེད། ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པའི་སྨོན་ལམ་འདི་བརྒྱབ་ནས་སེམས་ཐག་བཅད་ནས་བསྡད་ཡོད་པས་མི་ཚེ་འདི་ལ་ང་ཚོ་ངོ་ཤེས་ཆོས་གྲོགས་ཆགས་པ་རྣམས་ཚེ་རབས་ནས་ཚེ་རབས་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་རེད། ཁྱོད་རང་ཚོ་སེམས་སྐྱིད་པོའི་ཐོག་༸རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུར་ཡོད་བསམ་ནས་བསམ་བློ་ཐོངས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ། །