༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་གི་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་ལ་རབ་གནས་དང་། དགེ་སློབ་སུམ་སྟོང་ལྷག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོད་ ༩།༡༥ ཙམ་ལ་མགོན་པོ་གང་ཉིད་མཆོག་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༡༥ ཙམ་གྱི་སར་ཆགས་པའི་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་དུ་ཆིབས་སྒྱུར་གྱིས་ཐོག་མར་དཔེ་མཛོད་ཁང་ལ་རབ་གནས་དང་། དཔེ་མཛོད་ཀྱི་བོད་ཡིག་སྡེ་ཚན་དང་ཨིན་ཡིག་སྡེ་ཚན་གཉིས་ལ་རིམ་བཞིན་གཟིགས་སྐོར་མཛད་རྗེས་དཔེ་མཛོད་ཚོམས་ཆེན་དུ་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་དང་། ཁྲིག་རྩེ་དགེ་རྩའི་ཚོགས་མི་དང་། ཁྲིག་རྩེ་དཔེ་མཛོད་དགེ་རྩའི་ཚོགས་མི། ཁྲིག་རྩེའི་དུད་འགྲོ་སྲུང་སྐྱོབ་ཚོགས་པའི་ཚོགས་མི་བཅས་ལ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད།
དེ་རྗེས་ཁྲིག་རྩེ་དགོན་པའི་ཤེས་རབ་སྐྱེད་ཚལ་གླིང་གི་གསུང་ཆོས་ར་བར་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ལ་དྭགས་ལ་ཡང་བསྐྱར་ཚར་གཅིག་སླེབས་ཏེ་ཁྱེད་རང་ཚོ་རྒན་བྱིས་མང་པོར་ཐུག་པ་རེད། ཚང་མས་དངོས་གནས་དྲང་གནས་མཛའ་བརྩེའི་རྣམ་འགྱུར་ཧ་ཅང་གསལ་པོ་བསྟན་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལ་དྭགས་པའི་སྤྱི་ཚོགས་ནང་འཆམ་མཐུན་ཧ་ཅང་ཡོད། ཆོས་ལུགས་དང་རིགས་རུས་ཀྱི་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་རྣམ་པ་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་མཉམ་གནས་བྱེད་དགོས། ང་ཁ་ཆེ་ཡིན། ང་ནང་པ་ཡིན། ང་གཅེར་བུ་བ་ཡིན། ང་ཡི་ཤུ་པ་ཡིན་ཞེས་ཧ་ཅང་གིས་དང་དོད་བྱས་ན་ཕན་པ་ལས་གནོད་ཀྱི་ཡོད། ང་རང་ཚོ་ཚང་མ་མའི་མངལ་ལས་སྐྱེས་པའི་འགྲོ་བ་མི་རེད། ཕྲུ་གུ་ཆུང་ངུ་རྣམས་ལ་ཆ་བཞག་ན་ཁོང་ཚོས་ནམ་ཡང་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། ནང་པའི་ཆོས་ལུགས་གང་ཡིན་སྐོར་བསམ་བློ་གཏོང་གི་མ་རེད། ངོས་རང་ལ་ཆ་བཞག་ནའང་གཞི་རྩའི་ཆ་ནས་འགྲོ་བ་མི་ཞིག་རེད། ངོས་རང་གང་དུ་ཕྱིན་ཡང་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་བསམ་གྱི་ཡོད། འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་ཚང་མ་སྐྱེ་སྟངས་དང་འཆི་སྟངས་གཅིག་པ་རེད། ང་ཚོ་ཡར་འཚར་ལོངས་བྱུང་རྗེས་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་དོད་བྱེད་རྒྱུའི་ཚབ་ཏུ་ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས། ང་ཚོའི་རིགས་རུས་དང་ཁོང་ཚོའི་རིགས་རུས། ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ་ཅེས་ཧ་ཅང་དང་དོད་བྱེད་ཀྱི་ཡོད།
ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་དང་དོད་ཏག་ཏག་བྱེད་ཐུབ་ན་འགྲིག་གི་ཡོད། འོན་ཀྱང་ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་དང་དོད་ཤུགས་ཆེ་དྲགས་ན་དཀའ་ངལ་འབྱུང་གི་ཡོད།ངོས་ཀྱི་ལས་འགན་གཅིག་ནི་འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་གི་ཡོད། ང་ཚོ་གོ་ལ་འདིའི་སྟེང་གི་འགྲོ་བ་མི་གཅིག་གྱུར་ཡིན་པའི་སྐོར་བསམ་བློ་གཏོང་དགོས། ཆོས་ལུགས་དང་རིགས་རུས་ལ་བརྟེན་ནས་ཕན་ཚུན་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དེ་ནི་ང་ཚོའི་བསམ་བློ་རང་གིས་བཟོས་པ་རེད། གཞི་རྩའི་ཆ་ནས་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོ་སྐྱེས་པའི་སྐབས་མའི་བྱམས་བརྩེ་དང་འོ་མར་བརྟེན་ནས་འཚར་ལོངས་འབྱུང་གི་ཡོད། འཆི་བའི་སྐབས་གཡས་གཡོན་དུ་ཡོད་པའི་མི་རྣམས་ཀྱིས་བྱམས་སྐྱོང་གནང་ན་ང་ཚོ་དགའ་ཚོར་སྐྱེའི་རེད། ཆོས་དད་ཡོད་མེད་ལ་མ་ལྟོས་པར་གཙོ་བོ་སེམས་པ་བཟང་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སེམས་པ་བཟང་པོ་ཡོད་ན་རང་ཉིད་ཞི་བདེ་དང་སྐྱིད་པ་ཡོང་གི་ཡོད།གཞོན་སྐྱེས་རྣམས་ཀྱིས་ངེས་པར་སེམས་པ་བཟང་པོ་བྱེད་རྒྱུའི་སྐོར་བསམ་བློ་གཏོང་དགོས། ཇི་ཙམ་གྱི་གོ་མཚོན་མང་བ་བཟོས་ན་དེ་ཚོད་ཀྱི་འགྲོ་བ་མི་བདེ་སྐྱིད་ལྡན་པ་ཡོང་གི་མ་རེད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གནའ་བོའི་རིག་གཞུང་སྙིང་རྗེ་དང་འཚེ་བ་མེད་པ་ཟེར་བ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།།