༄༅། །སུད་སི་དང་ལིག་ཏེན་སིཊཡན་ས་གནས་བོད་རིགས་རྣམས་ནས་རི་ཀོན་ཆོས་འཁོར་དགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མགོན་པོ་གང་ཉིད་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་སླད་སྨོན་ལམ་གསུང་འདོན་གྱི་མཛད་སྒོ་གོ་སྒྲིག་གནང་ཡོད་པ་དང་། མཛད་སྒོར་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་ཆེད་ཕེབས་ཀྱིས་ས་གནས་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་མི་བཟང་པོ་བྱེད་དགོས་པའི་བཀའ་སློབ་རིམ་པ་ཕེབས་པ་ལྟར་བོད་མི་ཚོས་དེ་ལྟར་གནང་དགོས་པའི་སྐོར་གསུང་བཤད་གནང་ཡོད།གཞན་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་༩ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིག་ (Zurich) ནང་ས་གནས་བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་སུད་སིའི་ཛུ་རིག་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་རིའོ་ཕེ་ཧར་ (Mario Fehr) མཆོག་ཀྱང་ཕེབས་ཡོད།
མཛད་སྒོར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། གཞུང་ཁོངས་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམས་ཀྱིས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལ་འཚམས་འདྲིའི་མཇལ་དར་དང་། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ད་བར་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་འདྲ་མིན་ཁག་ཏུ་ཕྱག་ལས་ཡུན་རིང་གནང་བར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུའི་མཇལ་དར་སྒྲོན་གནང་གྲུབ་མཚམས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བདུན་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་འབྲེལ་ས་གནས་མང་ཚོགས་ནས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་རིམ་དང་བོད་དོན་གྱི་ལས་འགུལ་ཁག་གི་ནང་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།།
སུད་སི་བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བདུན་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།