༄༅། །སུད་སི་གནས་སྡོད་བོད་མི་ཁག་གཅིག་གིས་ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༡༠ ཉིན་ནས་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཞིག་དབུ་འཛུགས་ཞུས་པ་ལྟར། ཕྱི་ལོ ༢༠༢༢ ཟླ་བ་ ༠༧ ཚེས་ ༡༣ ཉིན་ལས་འགུལ་དབུ་བཙུགས་ནས་ད་རེས་ཐེངས་ ༡༢༦ ཆགས་ཀྱི་ཡོད། དེ་ཡང་ཟླ་རེའི་གཟའ་འཁོར་གཉིས་པའི་རེས་གཟའ་ལྷག་པ་འཆར་ཅན་ལས་འགུལ་བ་རྣམས་ཇེ་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཚང་འཛོམས་ཀྱིས་བོད་རང་དབང་སླར་གསོའི་ཆེད་སྐད་འབོད་གནང་གི་འདུག
ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༡༣ ཉིན་ལས་འགུལ་སྤེལ་ཐེངས་ ༡༢༦ བའི་ཉིན་མོ་དང་བསྟུན་ལས་འགུལ་བ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་འཛོམས་ཏེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་མཧི་ཀལ་བྷེ་ཆེ་ལེཊ་ (Michelle Bachelet) ལགས་དང་། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནིའོ་གྷུ་ཊེ་རེས་ (Antonio Guterres) ལགས་སུ་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་འདུག་ཅིང་། ཕྱག་བྲིས་ནང་དུ་བོད་མི་རྣམས་ཀྱིས་ང་ཚོའི་ཕ་ཡུལ་བོད་ཀྱང་འཛམ་གླིང་འདིའི་ཆ་ཤས་ཡིན་ལ། ང་ཚོ་བོད་མི་རྣམས་ཀྱང་འགྲོ་བ་མི་རིགས་ཡིན་པའི་ཆ་ནས་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག དེ་བཞིན་དྲང་བདེན་ལ་ཡིད་ཆེས་བྱེད་མཁན་མི་མང་རྣམས་ནས་རྒྱ་ནག་གཞུང་གི་སྲིད་དབང་སྒེར་སྤྱོད་དང་དྲག་གནོན་འོག་ནས་བོད་དང་བོད་མི་སྐྱོབས་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསལ་འདུག
ལས་འགུལ་དེ་བཞིན་བོད་ནང་འཚེ་མེད་ཞི་བའི་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་རྣམས་དང་། དེ་བཞིན་རྒྱའི་དབང་བསྒྱུར་འོག་འདས་གྲོངས་སུ་ཕྱིན་པའི་བོད་མི་ཡོངས། ད་ལྟ་རྒྱའི་བཙན་གནོན་མྱོང་བཞིན་པའི་བོད་མི་རྣམས་ལ་དྲན་གསོ་དང་ཆེ་བསྟོད་ཞུ་ཆེད་གོ་སྒྲིག་ཞུས་པ་རེད་འདུག སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་དོན་ཟུར་འཆི་མེད་རིག་འཛིན་ལགས་མཉམ་ཞུགས་གནང་ནས་ལས་འགུལ་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་ཀྱི་དྲང་བདེན་དང་རང་དབང་སླར་གསོའི་ལས་འགུལ་ལ་མི་ཚང་མའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་ལྟར། ད་ཐེངས་བོད་མི་རྣམས་ནས་ལས་འགུལ་དེ་རིགས་སྤེལ་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་འདུག་པ་བཅས།།