༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་སྔ་རོལ་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ ( ཉེན་རྟོག་ལས་ཁུངས།) ནས་རྒྱ་ཆེའི་མང་ཚོགས་ལ་ཉེན་བརྡའི་ཚུལ་དུ་ཁྲིམས་འགལ་ཉེན་གསོག་གི་གནས་ཚུལ་ (གཙོ་བོ་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཉེས་གསོག་བྱ་སྤྱོད།) བསྡུ་རྒྱུའི་སྐོར་བརྡ་ཁྱབ་ཅིག་བཏང་བ་དང་། བརྡ་ཁྱབ་ནང་མང་ཚོགས་ནས་ཉེན་རྟོག་ལས་ཁུངས་སུ་ཁྲིམས་འགལ་གནས་ཚུལ་མཁོ་སྤྲོད་བྱས་ན་བྱ་དགའ་གྱ་ནོམ་པ་ (རྒྱ་སྒོར་ ༣༠༠༠ ནས ༣༠༠༠༠༠ བར་ཁུངས་སྣེ་རིན་ཐང་གཞིགས་ནས།) སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་རྟོག་ལས་ཁུངས་ནས་དེ་ཉིན་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་དང་། རྒྱ་ཆེ་མི་དམངས་ལ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱེད་རྒྱུ་གཏན་འབེབས་བྱས་ཡོད་འདུག །
བརྡ་ཆད་བཏང་བ་གཤམ་གསལ།
༡། རྒྱལ་ཁབ་ཀྱི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དཀྲོག་གཏམ་བཟོ་པ་དང་། སྐུར་འདེབས་བྱེད་པ། མ་འབེབས་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་ཚེ་གཏོང་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ།
༢། གནོད་ཡོད་གཏམ་བརྗོད་དང་། དུས་དེབ། སྒྲ་བརྙན་དཔྱད་ཡིག་སོགས་སྤེལ་བ་དང་བརྒྱུད་བསྒྲགས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་། མི་རིགས་ཁ་བྲལ་བཟོ་པ། མི་རིགས་བར་འཁོན་འཛིན་ངན་སྐུལ་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ།
༣། མངའ་ཁོངས་ཕྱིའི་ལས་ཁུངས་དང་། རྩ་འཛུགས། སྐྱེས་བོ་བཅས་ལ་ངན་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་གསང་བའམ་གསང་བའི་གནས་ཚུལ་རྐུ་འཁྱེར་དང་། མྱུལ་ཞིབ་བྱེད་རོགས། བྲིན་འཚོང་། ཁྲིམས་འགལ་གྱི་འདོན་སྤྲོད་བཅས་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ།
༤། ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། མངའ་ཁུངས་ཕྱི་རོལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ། མངའ་ཁུངས་ནང་ཁུལ་གྱི་ཆོས་ལུགས་ལས་དོན་ལ་ཐེ་གཏོགས་དང་ཆོས་ལུགས་ཀྱི་བསྟན་དོན་འཁྱོག་བཤད་བྱེད་པའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་གྲགས་ཤུགས་ངན་སྐུལ་དང་འུད་སྒྲོག་བྱེད་པ་སོགས་ཐལ་སྐྱོད་རིང་ལུགས་དང་མི་རིགས་ལ་མཐོང་ཆུང་བྱེད་པའི་བསམ་བློའི་ཐད་ཀྱི་ཁྲིམས་གསལ་ཉེས་གསོག་གི་ཁུངས་སྣེ།
༥། དགྲར་འཛིན་སྟོབས་ཤུགས་སམ་ཡང་ན་རྩ་འཛུགས་དང་མི་སྒེར་གཞན་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་གསལ་ཉེས་གསོག་གི་ཁུངས་སྣེར་རོགས་སྐྱོར་དང་གཞོགས་འདེགས་བྱས་པ།
༦། འཇིགས་སྐུལ་རིང་ལུགས་དང་། ཐལ་སྐྱོད་རིང་ལུགས་ཀྱི་དུས་དེབ། སྒྲ་བརྙན་དཔྱད་གཞིའི་ཡིག་རིགས་སམ་དངོས་རྫས་གཞན་དག་བཟོ་པ་དང་། ཚོང་བ། འགྲེམས་པ། ཉན་པ། ཉར་ཚགས་སོགས་བྱས་པ་དང་། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་ནང་དོན་ཚུད་པའི་དར་ཆ་དང་། རྒྱན་གོས། ཡོ་བྱད། དྲན་གསོའི་དངོས་པོ་སོགས་སྒེར་ཉར་བྱེད་པ། འཇིགས་སྐུལ་བྱེད་སྤྱོད་དང་ཁ་བྲལ་གཏོར་བཤིག་བྱེད་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེར་རོགས་སྐྱོར་བྱེད་པ།
༧། དྲ་རྒྱའི་ཐོག་དཀྲོག་གཏམ་བཟོ་པ་དང་དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པའམ་ཡང་ན་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་སྤེལ་པ་དང་བརྒྱུད་བསྒྲགས་བྱེད་པ། དྲ་རྒྱའི་བརྒྱུད་ལམ་མམ་ལག་ཐོགས་ཁ་པར་དང་། སྒུལ་བདེའི་ཉར་ཚགས། གློག་རྡུལ་ལྟ་ཀློག་ཡོ་བྱད་སོགས་བརྒྱུད་བསྒྲགས་ལ་ངོ་རྒོལ་བྱེད་པའི་ཆ་འཕྲིན་ཕབ་ལེན་དང་། བཟོ་པ། བརྒྱུད་བསྒྲགས། ཉར་ཚགས་བྱས་ཏེ་མི་མང་མཉམ་རུབ་ཀྱིས་བོད་རང་བཙན་གྱི་འདོད་ཚུལ་སྐོར་གྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་སྒྲོག་འགྲེལ་དང་ཁྱབ་སྤེལ་གཏོང་བ།
༨། ཁྱིམ་རྒྱུད་དང་ཆོས་ལུགས་ཀྱི་སྟོབས་ཤུགས་སྤྱད་དེ་གྲོང་གསེབ་ཏུ་ཁྲིམས་མེད་ལུགས་མེད་དང་མང་ཚོགས་ལ་གཉའ་གནོན་དང་། གཞི་རིམ་གྱི་སེམས་དབང་ཧམ་འཛིན། གཞི་རིམ་གྱི་སྤྱི་པའི་ལས་དོན་ལ་ཁ་ལོ་བསྒྱུར་བ་དང་ཐེ་ཇུས་བྱས་པ། གྲོང་གསེབ་བཅོས་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་ལ་འགོག་རྐྱེན་བཟོ་པ་དང་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ།
༩། འབར་གས་རང་བཞིན་དང་། འབར་སླ་བའི་རང་བཞིན། དུག་སྐྱོན་རང་བཞིན། རུལ་བསླད་རང་བཞིན་བཅས་ཀྱི་ཉེན་ཁ་ལྡན་པའི་རྫས་འགྱུར་དངོས་རྫས་སྒྲིག་འགལ་གཉེར་སྐྱོང་དང་། སྐྱེལ་འདྲེན། ཉོ་འཚོང་། ཉར་ཚགས་བཅས་བྱེད་པ་དང་། (བོད་རང་སྐྱོང་ལྗོངས་ཀྱི་ཐར་ཐོར་དུ་གནས་པའི་སྣུམ་གྲུབ་མའི་ཕྱིར་འཚོང་དོ་དམ་བྱ་ཐབས།) ལས་འགལ་བ། (རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གིས་བཀའ་ཨང་ ༡༡༧ པ།) རླངས་སྣུམ་དང་རྡོ་སྣུམ་ཐར་ཐོར་དུ་ལུས་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཕྱིར་འཚོང་དང་། གསོག་ཉར། མཁོ་འདོན་བཅས་བྱེད་པ།
༡༠། སྙིང་ནད་བསང་བའམ་ཡང་ན་སྤྱི་ཚོགས་ལ་འཁོན་ལེན་སློག་ཆེད་མི་བསད་པ་དང་། གནོད་ཚེ་བཏང་བ། མེ་བརྒྱབ་པ། འབར་སྐྱོན་བཏང་བ། དུག་བཏང་བ་སོགས་མི་སྒེར་གྱི་དྲག་ཤུགས་ཐལ་བའི་ནག་ཉེས་གསོག་རྩིས་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ།
༡༡། ཁྲིམས་འགལ་གྱིས་བཟོ་པ་དང་། ཉོས་འཚོང་། དབོར་འདྲེན། སྦྲག་ཐོག་བསྐུར་བ། གསོག་འཇོག་ཉར་ཚགས། སྒེར་ཉར་བྱས་པའི་མེ་མདའ་ (ལྷུ་ལག་ཚུད་པ།) དང་། རྫས་མདེལ། འབར་རྫས། རྫས་འགྱུར་དངོས་རྫས་ཉེན་ཁ་ཅན། བཀག་སྡོམ་བྱེད་པའི་གྲིའི་རིགས་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ།
༡༢། མི་མང་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་རིགས་ཁག་གཞན་དག་བཅས་ཡིན། །