༄༅། །བོད་ཀྱི་དུས་བབ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་རེབ་གོང་ཧོར་རྒྱ་སྡེ་བ་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་བཀྲིས་ཚེ་རིང་དང་འབྲུག་འབུམ་ཚེ་རིང་གཉིས་ཟི་ལིང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག
ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བོད་རེབ་གོང་རྫོང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞིའི་ཆེད། རེབ་གོང་ཧོར་རྒྱ་སྡེ་བའི་ས་ཞིང་བསྡུ་རུབ་བྱས་པར་མོས་མཐུན་མ་བྱས་པའི་རྐྱེན་གྱིས་བོད་མི་ ༩ འཛིན་བཟུང་བྱས་ཏེ་ལོ་གསུམ་ནས་ ༧ བར་གྱི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧོར་རྒྱ་སྡེ་བའི་བཀྲིས་ཚེ་རིང་དང་འབྲུག་འབུམ་ཚེ་རིང་གཉིས་ཀློད་གྲོལ་བཏང་ཡོད་ཀྱང་། སོ་ཉུལ་བ་ཆེད་གཏོང་གིས་ཁོང་གཉིས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་ནན་མོ་བྱེད་མུས་ཡིན་པ་དང་། དེ་བཞིན་འདི་ལོའི་ཟླ ༡ ནང་ཀློད་གྲོལ་བཏང་བའི་ཁོང་གཉིས་ཀྱི་རོགས་པ་བསོད་ནམས་རྒྱལ་གྱི་ནད་མནར་ད་ལྟའང་དྲག་སྐྱེད་བྱུང་མི་འདུག
འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས ༡ ཉིན་ཁོང་གཉིས་ཀློད་གྲོལ་བཏང་ཡོད་ཀྱང་། ཧོར་རྒྱ་སྡེ་བའི་གྲོང་མི་རྣམས་ནས་ཕེབས་བསུ་སྣེ་ལེན་དང་གླེང་སློང་རིགས་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་འདུག སྤྱིར་བཏང་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཁོང་ཚོ་བོད་མི་གསུམ་གྱི་བཙོན་འཇུག་དུས་ཡུན་རྫོགས་ཀྱི་ཡོད་ཀྱང་། ཁོང་གཉིས་མ་གཏོགས་བོད་མི་གཞན་དེ་ཀློད་གྲོལ་བཏང་ཡོད་མེད་གསལ་ཁ་མེད་སྐོར་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པས། འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གཞུང་གིས་ཀློད་གྲོལ་བཏང་བའི་བཀྲིས་ཚེ་རིང་གི་གཅེན་པོ་བསོད་ནམས་རྒྱལ་ནད་པར་གྱུར་ཡོད་པ་ལྟར། ད་ལྟའང་དྲག་སྐྱེད་བྱུང་མེད་པར་རང་སོར་གནས་ཡོད་པས་རྒྱུན་དུ་སྨན་པར་བསྟེན་གཏུག་བྱེད་བཞིན་ཡོད་སྐོར་དང་། དགེ་འདུན་བཟོད་པ་ཚུད་པའི་བོད་མི ༣ ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་པ་བཞིན། ཁོང་ཚོ་ད་ལྟའང་གསེར་ཁོག་རྫོང་གི་བཙོན་ཁང་དུ་ཡོད་སྐོར་བརྗོད་བྱུང་།
ཕྱི་ལོ་ ༢༠༡༨ ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ནག་ཚོགས་ངན་སེལ་ཟེར་བའི་མིང་ཐོག་ནས་རེབ་གོང་ཧོར་རྒྱ་སྡེ་བའི་དགེ་འདུན་བཟོད་པ་དང་། ཆོས་བཟང་། བན་དེ་རྡོ་རྗེ། བཀྲ་ཤིས་ཚེ་རིང་། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། འབྲུག་འབུམ་ཚེ་རིང་བཅས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་ཚོས་བཙན་སྐུལ་གྱིས་ཚོང་བརྗེ་ལེན་དང་། ཧམ་འཕྲོག་གཡོ་ལེན། མི་མང་དཔུང་སྡེབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཅས་བཏང་ཚུལ་དང་། གོང་རིམ་གྱི་འཛུགས་སྐྲུན་ལས་དོན་ལ་འགོག་རྐྱེན་བཟོས་པ་སོགས་ཀྱི་ཉེས་མིང་འོག ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། །