༄༅། །ལྕམ་སྐུ་དྲཽ་པ་དཱི་མུརྨུ་ (Draupadi Murmu) མཆོག་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༢༢ ཉིན་འཚམས་འདྲིའི་གསུང་འཕྲིན་གནང་བའི་ནང་འཁོད་དོན། ལྕམ་སྐུ་མཆོག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐེངས་བཅོ་ལྔ་པར་བདམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ང་ཚོས་རྒྱ་གར་མི་མང་དང་ལྷན་དུ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་གི་ཡོད།
ལྕམ་སྐུ་མཆོག་གིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་ཞབས་འདེགས་རླབས་ཆེན་ཞུས་གནང་ཡོད་པས། ལྕམ་སྐུ་མཆོག་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ནི་འོས་ཤིང་འཚམས་པ་ཡིན། ལྕམ་སྐུ་མཆོག་གི་དབུ་ཁྲིད་འོག་རྒྱ་གར་གྱི་མང་གཙོ་སྔར་ལས་ལྷག་ཡར་རྒྱས་དང་། ཕྲན་རང་ཉིད་ལ་རྒྱ་གར་རྒྱལ་ཁབ་འདི་ཉིད་གོང་འཕེལ་འགྲོ་ཐུབ་པའི་གདེང་ཚོད་ཡོད།
བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་རྒྱ་གར་ནི། ང་ཚོའི་ཁྱིམ་གཞིས་གཉིས་པ་ལྟ་བུ་ཡིན། གོ་སྐབས་འདི་བརྒྱུད་ངས་རྒྱ་གར་གཞུང་མང་གཉིས་ཀྱིས་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།
ལྕམ་སྐུ་མཆོག་གིས་གོ་བབ་མཐོ་བའི་ལས་ཁུངས་ཀྱི་ཐུགས་འགན་བཞེས་གནང་ཡོད་སྟབས། དཀའ་ངལ་ཁག་ལ་གདོང་ལེན་དང་རྒྱ་གར་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པའི་ང་ཚོས་སྨོན་འདུན་ཞུ་རྒྱུ་ཡིན། སླར་ཡང་ང་ཚོས་ལྕམ་སྐུ་མཆོག་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་བཞིན་ཡོད་པས་ལྕམ་སྐུ་མཆོག་གིས་ངོས་བཞེས་གནང་རོགས། ཞེས་འཁོད་འདུག་པ་བཅས།།