༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༡ ལོའི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་སྲི་ཞུ་བ་ལས་བྱེད་གཉིས་ཀྱི་ངོ་སྤྲོད་གཤམ་གསལ།
ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དགེ་འདུན་དོན་ཡོད་ལགས།
༡། དྲུང་གཞོན་དགེ་འདུན་དོན་ཡོད་ལགས་ནི། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༡༢ ནས་ལོ་གཉིས་རིང་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་ཆེད་ཆོད་གན་བསྐོ་གཞག་གནང་བ་བཞིན་འཛིན་རིམ་བརྒྱད་པའི་བོད་ཡིག་སྦྱོང་དེབ་རྩོམ་སྒྲིག་དང་ཤེས་རིག་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཁུར་ཞུས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༣ ནས་ ༢༠༠༩ ཟླ་ ༣ ཚེས་ ༣༡ བར་ཉིན་གླའི་ངོ་བོའི་ཐོག་རྩོམ་སྒྲིག་པའི་ལས་འཁུར་མུ་མཐུད་ཞུས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢ བར་ཤེས་རིག་ལས་ཁུངས་ཀྱི་རང་ཁོངས་ལས་བྱེད་པར་བསྐོ་གཞག་གིས་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་སློབ་དེབ་ཀྱི་རྩོམ་སྒྲིག་དང་། གཞན་ཡང་ཀློག་དེབ་ཁག་ཞུ་དག་དང་ཇུས་འགོད། ལས་ཁུངས་ཀྱི་བོད་ཡིག་དྲ་རྒྱ་བཟོ་འགོད་བཅས་ཞུས། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ ཉིན་དྲུང་ལས་གནས་རིམ་ཐོག་ལས་བྱེད་ངོ་མར་དམིགས་གསལ་བསྐོ་གཞག་གིས་གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པའི་འགན་འཁུར་ཞུས། ཕྱི་ལོ་ ༢༠༡༢ ནས་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་ཆ་ཚང་བསྐྱར་ཞིབ་ཀྱིས་རྩོམ་སྒྲིག་དང་པར་སྐྲུན་ཞུས་ནས་ཕྱི་ལོ་ ༢༠༡༥ ལོར་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུས།
ཕྱི་ལོ་ ༢༠༡༥ ནས་གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་གིས་ཕྱི་ལོ་ ༢༠༡༧ ལོར་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་ཤེས་ཡོན་སྲིད་བྱུས་དགོངས་དོན་དང་མཐུན་པའི་བོད་ཀྱི་སྐད་ཡིག་སློབ་དེབ་བཀོལ་སྤྱོད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣ ནས་དྲུང་གཞོན་དུ་གནས་སྤར་དང་། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ (CBSE) རྒྱལ་ཡོངས་བོད་ཡིག་བསླབ་གཞིར་དུས་བསྟུན་ཁ་གསབ་དང་བསྒྱུར་བཅོས་གཏོང་ཐུབ་པ་བྱུང་ཡོད།
བོད་ཡིག་སློབ་དེབ་ཀྱི་རྩོམ་སྒྲིག་པའི་ལས་འགན་སྟེང་། ལོ་བརྒྱད་ལྷག་རིང་བཙན་བྱོོལ་བོད་མིའི་ཤེས་ཡོོན་ལྷན་ཚོགས་ཀྱི་བོད་ཡིག་ཚན་པའི་འགན་འཛིན་གྱི་འགན་འཁུར་ཡང་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢ ནས་བཟུང་བཙན་བྱོོལ་བོད་མིའི་ཤེས་ཡོོན་ལྷན་ཚོགས་ཀྱི་སློབ་དེབ་ཚན་པའི་འགན་འཛིན་གྱི་ལས་འཁུར་ཞུ་མུས་དང་ཆབས་ཅིག། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དང་འབྲེལ་མཐུད་པ་གཅིག་ལྕོགས་ཀྱི་འགན་འཁུར་ཡང་ཞུ་བཞིན་ཡོད། ལོ་མང་རིང་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་དྲྭ་ཚིགས་དང་། བོད་ཡིག་སློབ་སྦྱོང་དྲྭ་ཚིགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་དྲྭ་ཚིགས་སོགས་སུ་རྒྱུ་ཆ་གསར་པ་འཇུག་སྒྲིག་དང་དུས་བསྟུན་ཡར་རྒྱས་བྱས་དང་བྱེད་མུས་ཡིན།
གཞན་ཡང་སློབ་ཕྲུག་རྣམས་ཀྱི་དྲ་ཐོག་སློབ་སྦྱོང་ཆེད་ཨང་རྩིས་སློབ་ཁྲིད་བརྙན་འཕྲིན་དང་། བོད་ཡིག་སློབ་ཁྲིད་བརྙན་འཕྲིན། ཚན་རིག་སློབ་ཁྲིད་བརྙན་འཕྲིན། དེ་མིན་འགུལ་བརྙན་བཅས་ཀྱི་སྤུས་ཚད་བསྐྱར་ཞིབ་ཀྱིས་དྲ་ཐོག་ཏུ་འཇུག་འགོད་ཞུས་ཡོད། མདོར་ན་དྲུང་གཞོན་དགེ་འདུན་དོན་ལགས་ཀྱིས་ལྷག་བསམ་ཆེན་པོ་མི་ལོ་ ༡༥ ལྷག་རིང་རྩོམ་སྒྲིག་པའི་ལས་འཁུར་གཙོ་བོ་ཞུས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འབྲེལ་བའི་བྱེད་སྒོར་སྲི་ཞུ་ཞབས་འདེགས་མིག་དཔེར་འོས་པ་བསྒྲུབས་ཡོད་སྟབས། ཕྱི་ལོ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཕྱི་ལོ ༢༠༢༡ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་བར་གནང་གཏན་འཁེལ་བ་ཡིན།
བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དོ་བསྟན་འཛིན་ཀུན་དགའ་ལགས།བསྟན་འཛིན་ཀུན་དགའ་ལགས་ནི། ཕྱི་ལོ་ ༢༠༡༣ ཟླ་ ༠༤ ཚེས ༡༥ ཉིན་ལས་དྲུང་གནས་རིམ་ཐོག་བལ་ཡུལ་སྤོག་ར་བཀྲ་ཤིས་གླིིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོད་ལྟའི་རྩིས་དྲུང་གི་ལས་འགན་བསྐོ་གཞག་དང་ཕྱི་ལོ ༢༠༡༣ ཟླ་ ༡༢ ཚེས་ ༠༢ ཉིན་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༠༦ ཚེས་ ༡༢ ཉིན་ལས་དོར་གནས་སྤར་གྱིས་བཀྲ་ཤིས་གླིང་རྩིས་དྲུང་གི་ལས་འགན་ཞུས། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༠༡ ནས་ཕྱི་ལོ ༢༠༢༠ ཟླ་ ༠༧ ཚེས་ ༡༧ བར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ལས་ཚབ་དང་རྩིས་དྲུང་གཅིག་ལྕོགས་ཞུས། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༥ ཉིན་ལས་དོ་གནས་རིམ་རང་འཇགས་ཐོག་བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོ་གནང་།
ཕྱི་ལོ་ ༢༠༡༣ ཟླ་ ༡༠ ནང་སྤོག་ར་གྲོང་སྡེ་ལས་ཁུངས་སུ་ངོ་བཅར་ཞུ་གཏུགས་ཀྱིས་བོད་ཕྲུག་ལོ་ན་ ༦ ཡན་སྐྱེས་ཚེས་ལག་འཁྱེར་ (Nisha) མ་ཐོབ་པ་རྣམས་ལ་ལག་ཁྱེར་ཐོབ་སོན་ཐུབ་ཡོད། སྤོག་ར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་གྱི་ལས་ཚབ་བྱེད་སྐབས། འདས་པའི་ལོ་ཤས་རིང་ཁྱིམ་མཚེས་ཡུལ་མིས་གཞིས་ཆགས་ཀྱི་གཞིས་སའི་ཐད་རྙོག་གླེང་དཀའ་ངལ་མང་དག་འཕྲད་བཞིན་ཡོད་པ་སེལ་ཆེད། ས་གནས་སུ་དམིགས་བསལ་ས་ཁང་ཚོགས་ཆུང་ཟུར་འཛུགས་ཀྱིས་རིམ་པས་བལ་ཡུལ་རྒྱལ་ས་ཀཐ་མན་གྲུའི་རྒྱ་གྲམ་དམར་པོའི་ལས་ཁུངས་དང་། སྤོག་ར་ས་ཁུལ་གྱི་ (Chief Minister, Mayor, Ward Officer) ལས་ཁུངས་བཅས་སུ་ཆེད་བཅར་གྱིས་གཞིས་ཆགས་ཀྱི་ས་ཆའི་སྐོར་ཞུ་གཏུགས་བྱས་འབྲས་སུ། བལ་ཡུལ་རྒྱ་གྲམ་དམར་པོའི་ལས་ཁུངས་ནས་རྒྱབ་གཉེར་ཡིག་ཆ་གནང་སྟེ་ས་གནས་ (Chief Minister, Mayor, Ward Officer, Red Cross Pokhara Branch) ལས་ཁུངས། ཁྱིམ་མཚེས་ཡུལ་མིའི་ལས་ཁུངས་བཅས་ལ་ཡིག་ཐོག་ཕུལ་ཏེ་དཀའ་སེལ་ཐབས་ལམ་ཞུས།
བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གཞིས་ཆགས་སུ་སྔར་ལམ་ནས་བཟུང་འཐུང་ཆུའི་དཀའ་ངལ་འཕྲད་མུས་ལྟར་དཀའ་སེལ་ཐུབ་ཐབས་སུ་ས་གནས་འགོ་འཛིན་ཟུར་པ་དང་གོ་བསྡུར་ཐོག་འཆར་རྩིས་བཟོ་བསྐྲུན་ཞུས་ཏེ་སུད་སི་ (TIBET FRUENDE) རོགས་ཚོགས་ནས་རོགས་དངུལ་ཞུས་ཐོབ་ཀྱིས་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།
ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་འགྲོ་བའི་སྐབས་ས་འགོའི་ལས་ཚབ་ཀྱི་ལས་འགན་བླངས་ནས་ས་གནས་ཏོག་དབྱིབས་སྔོན་འགོག་ཚོགས་ཆུང་གསར་འཛུགས་ཀྱིས་ལས་གཞི་གང་མང་སྤེལ་ཐུབ་པ་བྱུང་ཡོད་པ་མ་ཟད། ཏོག་དབྱིབས་རྦ་རླབས་གཉིས་པའི་སྐབས་སུ་གཞིས་མི་རྣམས་ལ་བཟའ་འབྲུ་དང་། གསོ་སྨན། དུག་སྨན་ཡོ་ཆས་སོགས་བགོ་འགྲེམས་དང་མཐུན་འགྱུར་གང་མང་སྦྱར་ཐུབ་པ་བྱུང་ཡོད་པ་བཅས་ལས་དོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་འདས་པའི་མི་ལོ་ ༩ ལྷག་རིང་རང་ནུས་གང་ལྕོགས་དང་ཆོད་སེམས་བརྟན་པོའི་སྒོ་ནས་མི་མང་ལ་ཕན་འབྲས་ཐོན་པའི་ཞབས་ཞུ་བསྒྲུབ་ཡོད་སྟབས། ཕྱི་ལོ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཕྱི་ལོ ༢༠༢༡ ལོའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་བར་གནང་གཏན་འཁེལ་བ་ཡིན། ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་ནས། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༣༠ ལ།།