༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༡ ཉིན་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཨེན་ཊི་ཝར་པེན་ (Antwerpen) དུ་བེལ་ཇི་ཡམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸སྐུའི་འཁྲུངས་སྐར་སྲུང་བརྩི་མཛད་སྒོའི་ཐོག་མར་མེ་ཏོག་རིན་པོ་ཆེ་དང་དགེ་བཤེས་ཚེ་བརྟན་ལགས་ཀྱིས་སྨོན་ལམ་གསུང་འདོན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་དར་ཕུལ་གྲུབ་མཚམས་བེལ་ཇི་ཡམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འཁྱུར་ཚོགས་གཙོས་སྐུ་མགྲོན་རྣམས་ལ་ཕེབས་བསུ་དང་བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་སྤྱི་དང་། ལྷག་པར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཀའ་དྲིན་འགྲན་ཟླ་བྲལ་བ་བསྐྱངས་ཡོད་པའི་སྐོར་དྲན་གསོ་དང་། མང་ཚོགས་ནས་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་བསྒྲུབ་དགོས་པའི་སྐོར་གསུངས།གཞན་ཡང་ཁོང་གིས་གང་མགྱོགས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གནང་རྒྱུ་ཡིན་པས་ས་གནས་མང་ཚོགས་གང་མང་མཉམ་ཞུགས་གནང་དགོས་པའི་སྐོར་དང་། ཕྱི་ཟླ་ ༧ ཚེས་ ༡༦ ཉིན་དང་བླངས་ཞུ་གཏུག་ལས་འགུལ་གྱི་ཚོགས་འདུ་འཚོག་གཏན་ཁེལ་ཡོད་སྟབས། ས་གནས་གཞོན་སྐྱེས་རྣམས་གང་མང་ཚོགས་འདུར་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།
བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་མཛད་སྒོར་མཉམ་ཞུགས་ཀྱིས་བེལ་ཇི་ཡམ་ས་གནས་བོད་མི་རྣམས་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་ཡོད། བེལ་ཇི་ཡམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་གསར་པས་བེལ་ཇི་ཡམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་རྙིང་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་གསུངས་ཡོད། མཛད་སྒོར་བེལ་ཇི་ཡམ་ས་གནས་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་སྐྱིད་སྡུག་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་བཅས།།