༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ རེས་གཟའ་ལྷག་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་༸རྒྱལ་མཆོག་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་གནས་སུ་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་ངག་དབང་རིན་ཆེན་དཔལ་འབྱོར་མཆོག་དང་། བླ་སྤྲུལ་མཁན་པོ་རྣམ་པ། དམིགས་བསལ་སྐུ་མགྲོན་ HE Nona Deprez- EU Ambassador,Manuel P.Micaller- DCM,USA Embassy;Anthonia Fluck-Swiss Program Manager;Sabrina Koschella Schmidt-Germany DCM;Deepa Dixit-UNHCR;Akriti Gautam-Human Right officer,British Embassy;Ms Yumiko Yoshima-Japan First Secretary བལ་ཡུལ་སྐུ་ཚབ་དོན་གཅོད། ཕྱོགས་བཞུགས་སྤྱི་འཐུས་རྣམ་གཉིས། བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ། སྤྱི་ཟུར་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་པ། ས་གནས་འགོ་འཛིན་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ། གངས་ཅན་བདེ་རྩའི་དྲུང་ཆེ་དང་འཛིན་སྐྱོང་འགན་འཛིན། བོད་མིའི་སློབ་གྲྭ་ཁག་གི་དབུ་འཛིན་དང་དགེ་ཆེ་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་ལས་ཁུངས་དང་ཚོགས་པ་ཁག་གི་འགན་འཛིན་དང་ཚོགས་གཙོ་རྣམ་པ། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམ་པ། ཧི་མ་ལ་ཡའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གནད་ཡོད་མི་སྣ་དང་རྒན་གཞོན་བར་གསུམ་བཅས་ཁྱོན་མི་གྲངས་ ༡༥༠༠ ལྷག་ཙམ་འདུ་འཛོམས་ཐོག་བལ་ཡུལ་གཞུང་གི་སྐོར་སྲུང་བའི་དམ་དྲག་འོག་སྔ་དྲོ་ཆུ་ཚོད་ ༡༠།༣༠ བར་དུས་ཆེན་སྲུང་བརྩི་ཞུས་ཐུབ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྐུ་མགྲོན་གཙོ་བོ་མཆོག་དང་བླ་སྤྲུལ་དགེ་འདུན་པ་རྣམ་པ། བལ་ཡུལ་སྐུ་ཚབ་དོན་གཅོད། ཕྱོགས་བཞུགས་སྤྱི་འཐུས་རྣམ་གཉིས། སྐུ་ཚབ་དོན་ཁང་གི་དྲུང་ཆེ། ས་གནས་འགོ་འཛིན། གནད་ཡོད་མི་སྣ་རྣམས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་སྔོན་བསུས་ཏེ་བྱམས་ཆེན་ལྷ་ཁང་གི་དགེ་འདུན་པ་རྣམས་ཀྱི་སེར་ཕྲེང་དང་། རྣམ་རྒྱལ་མཐོ་སློབ་ཀྱི་རྔ་རོལ་རུ་སྒྲིག བལ་ཡུལ་ལྷ་མོ་ཚོགས་པ་ནས་བཀྲ་ཤིས་གཞོལ་པ་དང་ལྷ་ལུང་གཞས་མ། བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ནས་ནོར་གཡག་དང་གངས་སེང་བཅས་ཀྱི་སྒོ་ནས་གདན་ཞུས་བཞུགས་ཁྲིར་མངའ་གསོལ་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་དང་བལ་ཡུལ་སྐུ་ཚབ་དོན་གཅོད། ཕྱོགས་བཞུགས་སྤྱི་འཐུས་རྣམ་གཉིས་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།དེ་ནས་ཚང་མ་སྐུ་བཞེངས་ཐོག་བལ་བོད་གཉིས་ཀྱི་རྒྱལ་གླུ་དང་དྲུག་ཅུའི་དབྱངས་ལྡན་ཕུལ། དེ་རྗེས་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱིས་བོད་ཨིན་གཉིས་ཀྱི་ཐོག་ནས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་འཚམས་འདྲིའི་གསུང་བཤད་གནང་རྗེས་སློབ་གྲྭ་ཁག་བཞི་དང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ། འཇོ་ལ་ཁེལ་བསམ་གྲུབ་གླིང་གི་བུད་མེད་བགྲེས་གཞོན་གཉིས་བཅས་ནས་བོད་དང་བལ་པོའི་གཞས་སྣ་ཁག་འདྲ་མིན་གཟིགས་འབུལ་ཞུས།མཐར་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ནས་བཀྲ་ཤིས་རྣམ་ཐར་དང་། སྐུ་མགྲོན་དང་མི་མང་ཡོངས་ནས་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་ལན་གསུམ་འཐེན་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༧ སྔ་དྲོ་ཆུ་ཚོད་ ༩ ནས་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ནས་ལྷ་གཞུང་ཁྱིའུ་པདྨ་འོད་འབར་གྱི་རྣམ་ཐར་ཉིན་འཁྱོངས་གཟིགས་འབུལ་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།