༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༢ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་གནང་ཡོད་པ་དང་། འདི་ལོའི་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ (AISSCE) ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༡༠༢༧ མཉམ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༧ ཡིག་རྒྱུགས་འཕྲོད་ཡོད་པ་དང་། རྒྱུགས་འཕྲོད་པའི་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༩༧.༠༨ ཡིན་ཞིང་། ཆ་སྙོམས་ཀྱི་བརྒྱ་ཆ་ ༧༣.༤༨ བླངས་ཡོད།
དེ་བཞིན་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༢༧ ནས་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༡༡༨༨ མཉམ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༡༧ ཡིག་རྒྱུགས་འཕྲོད་ཡོད་པ་དང་། རྒྱུགས་འཕྲོད་པའི་སྤྱི་ཡོངས་བརྒྱ་ཆ་ ༩༤.༠༢ ཡིན་ཞིང་། ཆ་སྙོམས་ཀྱི་བརྒྱ་ཆ་ ༦༣.༡༤ བླངས་ཡོད།
འདི་ལོའི་འཛིན་རིམ་བཅུ་གཉིས་སྒྱུ་རྩལ་སྡེ་ཚན་ནས་སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་ཀྱི་སློབ་མ་བསྟན་འཛིན་འོད་ཟེར་ལགས་ཀྱིས་བརྒྱ་ཆ་ ༩༥་༢ དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་བརྒྱ་ཆ་ ༩༥ བླངས་ཏེ། ཁོང་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་སྲིད་སྐྱོང་སློབ་ཡོན་ཐོབ་ཀྱི་ཡོད།
ཕྱི་ལོ་ ༢༠༢༢ ལོའི་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བཞེས་མཁན་སློབ་མ་རྣམས་ཀྱི་མཚན་གཞུང་གཤམ་གསལ་ལྟར་ཡིན།
༡། སྒྱུ་རྩལ་སྡེ་ཚན།
ཨང་། | མིང་། | བུའམ་བུ་མོ། | སློབ་གྲྭ། | བརྒྱ་ཆ། |
༡། | བསྟན་འཛིན་འོད་ཟེར། | བུ་མོ། | སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ། | ༩༥་༠༢ |
༢། | བསྟན་འཛིན་ཆོས་སྒྲོན། | བུ་མོ། | དྷ་སྟེང་བོད་ཁྱིམ་སློབ་གྲྭ། | ༩༥ |
༣། | ཆུང་བདག | བུ་མོ། | སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ། | ༩༤་༠༦ |
༤། | བསྟན་འཛིན་སྒྲོལ་དཀར། | བུ་མོ། | མོན་གྷོ་སཾ་བྷོ་ཊ་གཏན་སློབ། | ༩༤་༠༦ |
༢། ཚན་རིག་སྡེ་ཚན།
ཨང་། | མིང་། | བུའམ་བུ་མོ། | སློབ་གྲྭ། | བརྒྱ་ཆ། |
༡། | བསྟན་འཛིན་པདྨ། | བུ་མོ། | སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། | ༩༤་༠༦ |
༢། | བསྟན་འཛིན་རང་གྲོལ། | བུ། | སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། | ༩༢་༠༨ |
༣། | ཆོལ་གསུམ་ལྷ་མོ། | བུ་མོ། | མ་སུ་རི་བོད་ཁྱིམ།་སློབ་གྲྭ། | ༩༢་༠༤ |
༣། ཚོང་རིག་སྡེ་ཚན།
ཨང་། | མིང་། | བུའམབུ་མོ། | སློབ་གྲྭ། | བརྒྱུ་ཆ། |
༡། | བསྟན་འཛིན་འཛོམས་སྐྱིད་རྒྱལ་པོ། | བུ་མོ། | སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། | ༩༤་༠༢ |
༢། | བསྟན་འཛིན་ཆོས་བཟང་། | བུ་མོ། | མོན་གྷོ་སཾ་བྷོ་ཌ་གཏན་སློབ། | ༩༢་༠༦ |
༣། | བསྟན་འཛིན་གཡུ་སྒྲོན། | བུ་མོ། | སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། | ༨༨་༠༨ |
སློབ་ལོ་ ༢༠༢༡་་་༢༢ ནང་། ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དང་། སློབ་ཕྲུག་གི་ཁེ་ཕན། ཕྱི་གསལ་ནང་གསལ། འཕྲུལ་རིག་སྤྱད་པ་བཅས་ལ་བརྟེན་ནས། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་དུས་ཚིགས་གཉིས་ལ་ཆ་བགོས་བྱས་ཡོད། དུས་ཚིགས་དང་པོ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ དང་ ༡༢ ནང་འདམ་ཀ་མང་བའི་དྲི་བ་བརྒྱུད་འབྲི་རྒྱུགས་བཏང་བ་དང་། དུས་ཚིགས་གཉིས་པ་ཕྱི་ལོ་ ༢༠༢༢ ཟླ་ ༤ ནས་ ༦ བར་ལན་རིང་ཐུང་སྣ་ཚོགས་ལྡན་པའི་དྲི་ཤོག་བརྒྱུད་འབྲི་རྒྱུགས་བཏང་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༣ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་མཐའ་མའི་གྲུབ་འབྲས་ནི་དུས་ཚིགས་དང་པོའི་འབྲི་རྒྱུགས་ཀྱི་བརྒྱ་ཆ་ ༣༠ དང་། དུས་ཚིགས་གཉིས་པའི་འབྲི་རྒྱུགས་ཀྱི་བརྒྱ་ཆ་ ༧༠ རྩིས་བསྐོར་ནས་ཕྱོགས་བསྡོམས་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་སློབ་ཕྲུག་ཡོངས་དང་། འབྲེལ་ཡོད་དགེ་རྒན་དང་ཕ་མ་རྣམས་ལ་འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བར་འཚམས་འདྲི་དང་། སློབ་ཕྲུག་རྣམས་ལ་མ་འོངས་ལས་དོན་ཐ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། །