༄༅། །༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་འདི་ལོར་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དགའ་སྟོན་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་། དེ་བཞིན་ནང་པ་སངས་རྒྱས་པའི་རྗེས་འབྲང་བ། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་དགའ་དད་སྤྲོ་གསུམ་ངང་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ས་གནས་སོ་སོའི་གནས་བབ་ལ་གཞིགས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་གོ་སྒྲིག་ཞུས་ཡོད་པ་ལྟར། ཀ་སྦུག་ས་གནས་བོད་མི་རྣམས་ཀ་སྦུག་སམ་བྷོ་ཊ་གཏན་སློབ་ཏུ་ལྷན་འཛོམས་ཀྱིས་སྐུ་མགྲོན་གཙོ་བོར་ཉེན་རྟོག་སྤྱི་ཁྱབ་གཞོན་པ་ཤེཀ་མོ་ཧ་མཊ་ཨ་ཛིམ་ (Sheikh Mohammad Azim) ལགས་སྐུ་མགྲོན་གཙོ་བོ་དང་། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཟུར་པི་ཊི་བྷུ་ཊི་ཡ་ལགས། ས་སྐྱ་དགོན་པའི་འབུམ་རམས་པ་བློ་བཟང་ལགས་སྐུ་མགྲོན་དུ་གདན་ཞུས་ཀྱིས་མཛད་སྒོ་གཟབ་རྒྱས་ཚོགས་འདུག
དེ་བཞིན་ཀུ་ལུ་ཁུལ་གྱི་བོད་མི་རྣམས་ནས་དཔལ་རབ་གླིང་བོད་མིའི་གཞིས་ཆགས་སུ་སྐུ་མགྲོན་གཙོ་བོར་མ་ནཱ་ལིའི་རྫོང་ཆུང་བའི་དཔོན་རིགས་སུ་རེནྡྲ་ཋ་ཀུར་ (Surender Thakur) ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་པ་དང་། དེ་ལྟར་ཤི་ལོང་ཁུལ་གྱི་བོད་མི་དང་ནང་པ་རྣམས་ནས་དགའ་ལྡན་ཆོས་གླིང་དགོན་པར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོར་མེ་གྷཱ་ལཡ་མངའ་སྡེའི་ཉེན་རྟོག་པའི་སྤྱི་ཁྱབ་ངེས་སྟོན་པ་བྷི་ཤོ་ནོ་ཡི་ ( L.R Bishnoi) ལགས་སྐུ་མགྲོན་གཙོ་བོར་ཕེབས་འདུག་པ་དང་། ཕྱི་ཚེས་ ༠༧ ཉིན་མེ་གྷཱ་ལཡ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སཏྱ་པལ་མ་ལི་ (SatyaPal Mali) མཆོག་དངོས་སུ་འཁྲུངས་སྐར་སྲུང་བརྩི་ཆེད་དགོན་པར་ཆེད་ཕེབས་གནང་འདུག །