༄༅། །མཚུངས་མེད་ལྷོ་སྤྱི་དང་ལ་སྤྱི། སིམ་སྤྱི་གཙོས་པའི་ས་གནས་འགོ་འཛིན་ཡོངས་ལ།
ཆེད་ཞུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཞན་རྟེན་གྱི་བསམ་སྤྱོད་དོར་ཏེ་རང་འཚོ་ཐུབ་པའི་ན་གཞོན་ནུས་ལྡན་བསྐྲུན་ཐབས་དང་བློ་སྟོབས་སྤེལ་རྒྱུར་དམིགས་ཏེ་ལོ་ལྟར་འདི་ནས་ན་གཞོན་ནུས་སྤེལ་ལས་གཞིའི་གཟེངས་བསྟོད་ཀྱི་ལས་འཆར་བརྒྱུད་དམིགས་དཔེ་འོས་པའི་ན་གཞོན་གྲངས་ ༢ ལ་དྷ་སར་མང་གཙོ་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྐབས་གཟེངས་བསྟོད་འབུལ་མུས་ལྟར། ཕྱི་ལོ་ ༢༠༢༢ ལོའི་ན་གཞོན་ནུས་སྤེལ་ལས་གཞིའི་གཟེངས་བསྟོད་འབུལ་གཏན་འཁེལ་ཡོད་ན། དོ་དབྱིངས་ལྡན་ཞིང་འཚང་སྙན་འབུལ་བློ་ཡོད་རིགས་གཤམ་གསལ་འོས་ཆོས་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་ལྡན་མིན་ས་གནས་རང་ནས་སྔོན་ཚུད་ཞིབ་འཇུག་ཚད་ལྡན་གནང་སྟེ་ ༢༠༢༢།༠༧།༣༡ འགྱངས་མེད་འདི་གར་རྒྱབ་གཉེར་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དེ་དོན་དགོངས་འཇགས་ཞུ།
འོས་ཆོས།
༡། བོད་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ། རང་ལོ་རྩིས་ཕྱོགས་དཔྱ་དེབ་གཞིར་བཟུང་ཚད་འཛིན་བྱ་རྒྱུ།
༢། ལས་རིགས་སྦྱོང་བརྡར་ཁང་གང་རུང་ནས་ཐོན་པ།
༣། ཚོང་ལས་སམ་ལས་གཞི་གང་ཞིག་སྐྱེས་འགྲོ་དང་རང་བྱུང་ཁམས་ལ་གནོད་འཚེ་མེད་པ་དང་། རྒྱུན་གནས་ཐུབ་པ། ཁྲིམས་དང་མཐུན་པ།
༤། དོ་བདག་སྒེར་རང་རྐྱ་འཕེར་བ་ཙམ་མིན་པར་རང་རིགས་ན་གཞོན་གཞན་ལའང་ལས་ཀའི་གོ་སྐབས་སྐྲུན་པའམ་རང་འཚོའི་ལམ་དུ་སྣེ་འཁྲིད་ཐུབ་པ་སོགས་སྤྱི་སྨན་གྱི་ལས་འཆར་སྤེལ་མཁན་ཞིག་ཡིན་པ།
༥། ཚོང་ལས་གཉེར་ནས་ཉུང་མཐར་ལོ་ ༢ ཟིན་པ་དང་མུ་མཐུད་གཉེར་བློ་ཡོད་པ།
༦། དེ་སྔོན་གཟེངས་བསྟོད་འདི་ཐོབ་ཟིན་པ་ཞིག་མ་ཡིན་པ།
དགོས་མཁོའི་ཡིག་ཆ།
༡། ཟུར་སྦྱར་འགེངས་ཤོག་ ༼ ཀ ༽ དང་ ༼ ཁ ༽
༢། བསྡུ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་དང་དུས་འགྱངས་ཟིན་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༣། ལས་རིགས་སྦྱོང་བརྡར་ཁང་གང་རུང་ནས་ཐོན་པའི་ལག་འཁྱེར་གྱི་ངོ་བཤུས།
༤། ཚོང་ལས་གཉེར་ཆོག་པའི་གནས་ཡུལ་གཞུང་གི་ཁྲིམས་མཐུན་ཡིག་ཆའི་ངོ་བཤུས།
༥། ཚོང་ལས་གཉེར་ཁང་གི་འདྲ་དཔར།
༦། བོད་རིགས་གཞན་ལ་ལས་ཀའི་གོ་སྐབས་སྐྲུན་པ་སོགས་སྤྱི་ཚོགས་ལ་ཕན་ནུས་འདྲེན་པའི་ཁུངས་འཕེར་གྱི་ཡིག་ཆ་དང་དཔར་རིས། གྲངས་ཐོ་ཞིབ་ཕྲ་བཅས་གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ་ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས་ལས་བྱེད་ནས་བདེན་བཤེར་གནང་བའི་དག་མཆན་ (Attestation) ཞུ་དགོས་པ་བཅས།
ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༠༥ ལ།།
ཟུར་སྦྱར། གཟེངས་བསྟོད་འབུལ་ཕྱོགས་ཀྱི་སྒྲིག་གཞི།
འགེངས་ཤོག ༼ཀ༽ དང་ ༼ཁ༽