༄༅། །བོད་ཀྱི་དུས་བབ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ ནང་ཀློད་གྲོལ་བཏང་དགོས་བྱུང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ནོར་འཛིན་དབང་མོ་ལགས་ཁྲིན་ཏུའུ་དང་ཟི་ལིང་སོགས་སུ་ཕྱིན་ཏེ་སྨན་པར་བསྟེན་གཏུགས་བྱས་ཡོད་ཀྱང་དྲག་སྐྱེད་ཡོང་བའི་རེ་བ་མེད་པ་ལྟ་བུར་གྱུར་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་ནོར་འཛིན་དབང་མོ་ལགས་ཀྱི་སྐུ་གཟུགས་གནས་སྟངས་སྐོར་འགྲེལ་བརྗོད་གནང་སྐབས། ནོར་འཛིན་དབང་མོ་ལགས་ཕྱི་ཟླ་ ༦ ཚེས་ ༡ ནས་ཁྲིན་ཏུའུ་གྲོང་ཁྱེར་གྱི་མི་མང་སྨན་ཁང་དུ་སྨན་པར་བསྟེན་ནས་ཉིན་བདུན་ཕྱིན་ཡོད་ཀྱང་ཕན་ཐོགས་བྱུང་མེད་པ་དང་། དེ་ནས་སྐྱེ་རྒུ་མདོ་མི་མང་སྨན་ཁང་དུ་ཉིན་གྲངས་ ༡༦ རིང་སྨན་བཅོས་བྱས་ཡོད་ནའང་དྲག་སྐྱེད་མ་བྱུང་བར་བརྟེན། སྨན་པའི་ལམ་སྟོན་བཞིན་འདས་པའི་ཉིན་གྲངས་ ༡༥ རིང་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཆེ་གྲས་ཤིག་ཏུ་སྨན་བཅོས་བྱེད་མུས་ཡིན་ནའང་། དྲག་སྐྱེད་ཡོང་རྒྱུའི་རེ་བ་མེད་པ་ལྟ་བུ་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང་།
ཕྲུ་གུ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་ལགས་བོད་སྐྱེ་རྒུ་མདོའི་བུད་མེད་ཀྱི་བཙོན་ཁང་ཞིག་ཏུ་བཅུག་སྟེ་གཅར་རྡུང་མནར་གཅོད་དང་། ངལ་རྩོལ་སྡུག་སྦྱོང་ཚད་མེད་བཏང་རྐྱེན་རྐང་ལག་དང་རྒྱབ་སོགས་སུ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་རྨ་ཤུལ་གྱིས་ཁེངས་ཡོད་པ་དང་། སྒོ་ཕྱི་ནང་གཉིས་སུའང་གོམ་པ་རྒྱག་མི་ཐུབ་པར་གཡས་གཡོན་ནས་སྐྱོར་ཏེ་འགྲོ་དགོས་པའི་ཛ་དྲག་གནས་སྟངས་འོག་ལྷུང་རྗེས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་པ་རེད།
ནོར་འཛིན་དབང་མོ་ལགས་ནི་སྐྱེ་རྒུ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོ་སྐར་ཆེན་སྡེ་བའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོར་ཁོང་མོ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་སྔོན་ལུང་ས་གནས་སུ་མནའ་མར་ཕྱིན་ནས་འབྲོག་པའི་འཚོ་བ་བསྐྱལ། ཁོང་མོའི་བཟའ་ཟླའི་མིང་ལ་ཉི་མ་ཟེར་ཞིང་། ཁོང་གཉིས་ལ་རང་ལོ་ ༢ ནས་ ༥ ཅན་གྱི་བྱིས་པ་གསུམ་ཡོད་འདུག ཕྱི་ལོ་ ༢༠༢༠ ཟླ་ ༥ པའི་ནང་ཆུ་དམར་ལེབ་རྫོང་མི་མང་ཁྲིམས་ཁང་ཟེར་བས་གསང་བའི་ཁྲིམས་ར་ཚོགས་ཏེ། ནོར་འཛིན་དབང་མོ་ལགས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་གཞོན་ནུ་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་དུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་ལུགས་ཀྱི་ཉེས་མིང་འོག་ནས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
རྒྱ་གཞུང་གིས་བོད་མི་ཚོར་ “ རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར། ” དང་། “ ཁ་བྲལ་རིང་ལུགས་ཀྱི་ངན་སྐུལ། ” བྱས་ལུགས་ཀྱི་ཉེས་མིང་འོག ད་བར་དབོད་མི་མང་པོར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བྱས་རྐྱེན་གློ་བུར་འདས་གྲོངས་སུ་གྱུར་བ་དང་། འཆི་ཁར་རང་ཁྱིམ་དུ་བསྐྱལ་ཏེ་འདས་གྲོངས་སུ་ཕྱིན་པའི་གནད་དོན་བསྟུད་མར་བྱུང་དང་འབྱུང་བཞིན་ཡོད་པ་རེད། །