༄༅། །འདི་གར་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་དགུང་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམ་པ་བེལ་ཇི་ཡམ་ས་སྐྱ་བརྩེ་ཆེན་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཇར་མན་ནས་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཨན་ཊབ་ (Antwerpen) དུ་རྟེན་གཞི་བྱས་པའི་ཧིལ་ཊོན་ (Hilton) གསོལ་མགྲོན་ཁང་དུ་བདེ་བར་ཕེབས་འབྱོར་ལྟར། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་རྣམ་གཉིས་ས་གནས་སུ་ཕེབས་བསུར་བཅར་ཡོད།དེ་ཡང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གིས་ཚེ་དབང་དང་རྡོ་རྗེ་ཕུར་བའི་བཀའ་བསྒོ། དེ་བཞིན་དད་ལྡན་མང་ཚོགས་ ༡༣༠༠ ལྷག་ལ་བླང་དོར་གྱི་བཀའ་སློབ་ཕེབས་པའི་སྙིང་པོར། རྒྱུན་དུ་གཞན་ཕན་གྱི་སེམས་པ་བཟང་པོ་བྱེད་རྒྱུ་དང་། རྒྱལ་བའི་བཀའ་སློབ་ལ་སློབ་སྦྱོང་། བོད་མིའི་གཤིས་རྒྱུད་བཟང་པོ་རྣམས་ཡ་བྲལ་དུ་མ་སོང་བའི་ཐོག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་དོ་འཁུར་གནང་རྒྱུ་གལ་གནད་ཀྱི་སྐོར་ལ་བཀའ་སློབ་ཕེབས་སོང་། བེལ་ཇི་ཡམ་བརྩེ་ཆེན་ཚོགས་པའི་ཚོགས་གཙོ་ནས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་ཁྲི་འཛིན་ཞེ་གཉིས་པ་རྣམ་གཉིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོས་བེལ་ཇི་ཡམ་དུ་ཞབས་སོར་བདེ་བར་འཁོད་གནང་བར་ཐུགས་རྗེ་ཆེ་ཞུས་པའི་ཐོག་བེལ་ཇི་ཡམ་བརྩེ་ཆེན་ཚོགས་པའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་། དེ་རྗེས་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་མང་ཚོགས་ཡོངས་ལ་མཇལ་ཁ་གནང་།ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་དབུ་བཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་། གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཡུན་དུ་བརྟན་ཆེད་སྐུ་རིམ་སྒྲུབ་རྒྱུ་དང་། དེ་བཞིན་ཁ་བ་གངས་ཅན་པའི་བསྟན་འགྲོའི་དོན་དུ་ཚེ་སྲོག་བློས་གཏོང་མཁན་རྣམས་ཀྱིས་གཙོས་མཁའ་ཁྱབ་ཀྱི་སྐྱེ་འགྲོ་ཀུན་གཏན་བདེའི་ཆེད་སྔོ་སྨོན་གསུང་འདོན་དང་བཀའ་ཆོས་གནང་།ཕྱི་དྲོ་ཆུ་ཚོད་ ༦།༠༠ ཐོག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་། འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་བེལ་ཇི་ཡམ་ཁུལ་དུ་ཞབས་སོར་བདེ་བར་འཁོད་དེ་འདི་ཁུལ་གྱི་མང་ཚོགས་རྣམས་ལ་བཀའ་ཆོས་དང་བླང་དོར་གྱི་བཀའ་སློབ་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་གནང་ཞུ་རྒྱུ་དང་། རང་ཉིད་དོན་གཅོད་ཀྱི་ལས་འཁུར་བཞེས་ཏེ་ཟླ་གྲངས་གཉིས་ཙམ་གྱི་རྗེས་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། མང་ཚོགས་རྣམ་པས་རིན་པོ་ཆེ་མཆོག་གི་བླང་དོར་གྱི་བཀའ་སློབ་རྣམས་རྒྱུན་དུ་ལག་ལེན་དོན་ཐོག་འགེལ་དགོས་པའི་འབོད་སྐུལ་ཡང་ཞུས་གནང་སོང་། དེ་རྗེས་དད་ལྡན་མང་ཚོགས་ཁག་གཅིག་ནས་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་གྲུབ་བསྟུན་བརྩེ་ཆེན་ཚོགས་པའི་དྲུང་ཆེ་ལྷག་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་བཀའ་ཆོས་མཇུག་སྒྲིལ།ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་རིན་པོ་ཆེ་སྐུ་འཁོར་རྣམ་པ་མེ་འཁོར་བརྒྱུད་ཨན་ཊབ་ནས་ཕ་རན་སི་རྒྱལ་ས་པེ་རི་སིར་ཕེབས་ཐོན་གནང་ཡོད་ཅིང་། སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཕེབས་བསྐྱེལ་ཞུ་བར་བཅར་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།