༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཉི་ཧོང་གི་སྲིད་བློན་ཟུར་པ་དང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༨ ཉིན་འོས་བསྡུའི་དྲིལ་བསྒྲགས་གཏམ་བཤད་གནང་བཞིན་པའི་སྐབས་མི་ཞིག་གིས་གློ་བུར་དུ་མེ་མདའ་བརྒྱབ་པར་བརྟེན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྐུ་ཟླ་གཙོས་ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག
ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླར་མེ་མདའ་ཕོག་པའི་ཡིད་སྐྱོའི་གནས་ཚུལ་དང་དེ་རྗེས་སྨན་ཁང་དུ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མར་བརྗོད་མ་ཐུབ་པའི་བློ་ཕམ་ཤུགས་ཆེ་བྱུང་། སྐུ་ཞབས་དམ་པ་ཁོང་ནི་ཉི་ཧོང་གི་སྲིད་བློན་དུས་ཡུན་རིང་ཤོས་ཀྱི་ཐུགས་འགན་བཞེས་གནང་ཡོད་པ་མ་ཟད། ཁོང་ནི་ཉི་འོང་གི་རླབས་ཆེན་གྱི་དབུ་ཁྲིད་ཞིག་དང་ཤེས་སྤྱོད་ཟུང་ལྡན་གྱི་གང་ཟག་ཞིག་ཡིན།
དེ་བཞིན་དམ་པ་ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་གྲོགས་པོ་ཞིག་དང་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན། སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་ནི་ཉི་འོང་ཆབ་སྲིད་ཚོགས་པ་ (the Liberal Democratic Party) དེའི་དབུ་ཁྲིད་ཡིན་པའི་ཆ་ནས་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་བསྐྱོར་ཚོགས་པ་ (All Party Japanese Parliamentary Support Group of Tibet) དབུ་ཚུགས་གནང་བར་ཐུགས་འགན་གཙོ་བཞེས་གནང་ཡོད།
བོད་དོན་རྒྱབ་སྐྱོར་བ་དང་འཛམ་གླིང་དབུ་ཁྲིད་རླབས་ཆེན་ཞིག་འདས་གྲོངས་ཕྱིན་པར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། །