༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
དེ་ཡང་སྲིད་བློན་ཟུར་པར་རྐྱེན་ངན་བྱུང་བའི་གནས་ཚུལ་ཐོས་མ་ཐག་སྐུ་ཚབ་དོན་གཅོད་ཀྱིས་ཉི་ཧོང་གཞུང་ཚབ་ཁང་ལ་འཚམས་འདྲི་ཐུགས་གསོའི་ཞལ་པར་ཕུལ་བ་དང་། མྱ་ངན་ཞུ་ཡུལ་གསལ་བསྒྲགས་གནང་མ་ཐག་ཉི་ཧོང་དང་ཐའེ་ཝན་གྱི་འགྲོ་སྲོལ་ལྟར་མྱ་ངན་ཞུ་ཚིག་དང་༸གོང་ས་མཆོག་གི་མཚན་གནས་ཡོད་པའི་དོན་གཅོད་ལས་ཁུངས་ཀྱི་མིང་བྱང་མཉམ་འཁོད་མེ་ཏོག་ཚོམ་བུ་ཆེད་དུ་མངགས་ཏེ་མྱ་ངན་ཞུ་ཡུལ་ཚོགས་ཁང་དུ་ཐའེ་ཝན་གྱི་ཆབ་སྲིད་དཔོན་རིགས་དང་། གཞུང་ཚབ་ཁང་གཞན་ཁག་འདྲ་མཉམ་མྱ་ངན་ཞུ་ཡུལ་ཚོགས་ཁང་དབུས་སུ་ཀྲོང་ངེས་བཞེངས་འཛུགས་ཐུབ་པ་བྱུང་ཡོད།
རྩ་བའི་ཆར་ཕྱི་ཚེས་ ༡༡ སྔ་དྲོར་མྱ་ངན་ཞུ་སྒོར་བཅར་རྒྱུ་ཡིན་ཡང་། ཉི་ཧོང་གཞུང་ཚབ་ཁང་ནས་སྔ་ཐོག་ཐའེ་ཝན་སྲིད་འཛིན་མཆོག་གིས་གཙོས་སྐུ་འཁོར་གཙོ་གྲས་ཁག་གཅིག་ཕེབས་ཀྱི་ཡོད་སྟབས། གཞན་སྐུ་མགྲོན་རྣམས་ཉིན་གུང་རྒྱབ་ནས་ཕེབས་གནང་ཡོང་བའི་བརྡ་ཐོ་འབྱོར་བ་ལྟར། ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་ཀྱིས་དཀར་གཙང་གི་ཁ་བཏགས་འཁྱེར་ཏེ། འདས་པོ་དམ་པ་མཆོག་གི་སྐུ་པར་མདུན་དུ་མྱ་ངན་སྨོན་ཚིག་འདོན་པ་དང་ཆབས་ཅིག ཁ་བཏགས་ཕུལ་ཏེ་མྱ་ངན་ཞུས་ཡོད་པ་དང་། མྱ་ངན་ཞུ་ཡུལ་དུ་ཐའེ་ཝན་གྱི་ཆབ་སྲིད་མི་སྣ་གང་མང་ཐུག་ཡོད་པ་ཁོང་ཚོ་མཉམ་དུའང་ཕན་ཚུན་བཀའ་མོལ་གང་འཚམས་བྱུང་ཡོད། །