༄༅། །འདི་གར་ཐའེ་ཝན་བོད་ཀྱི
དེ་ཡང་ཚོགས་འདུ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༦ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་དབུ་འཛུགས་གནང་ཡོད་པ་དང་། ཚོགས་འདུ་དབུ་འཛུགས་མཛད་སྒོར་ཡོན་ཅིང་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཁྲིན་ཐང་ཧྲང་ལགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་རྗེས། ཐའེ་ཝན་སྲིད་འཛིན་ཚའེ་དབྱིང་ཝན་མཆོག་དང་། ཁོ་སོ་ཝོའི་སྲིད་འཛིན་ཟུར་པ་དང་གྲོས་ཚོགས་འཐུས་མི་ནས་དྲ་ལམ་བརྒྱུད་སྐུ་མགྲོན་གཙོ་བོའི་གསུང་བཤད་གནང་། དེ་ནས་ཐའེ་ཝན་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཐན་ཀྲུང་ཀོང་མཆོག་དང་། ཉི་ཧོང་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་ཟུར་པ་ (Kono Taro) མཆོག་གཉིས་ནས་ཚོགས་འདུ་དབུ་འབྱེད་ཀྱི་ཆེད་དོན་གསུང་བཤད་གནང་གྲུབ་མཚམས་ཚོགས་ཞུགས་པས་དྲི་བ་ཕེབས་པར་ལན་འདེབས་གནང་།གསོལ་ཇའི་བར་གསེང་རྗེས་སུ་ཚོགས་ཐུན་དང་པོའི་བརྗོད་གཞི་ནི་གྲང་དམག་གསར་པའི་རྣམ་པ། མང་གཙོ་དང་དྲག་དབང་ཞེས་པ་ཡིན་ཅིང་། ཚོགས་ཐུན་དེར་གསུང་བཤད་གནང་མཁན་གཙོ་བོ་ཐའེ་ཝན་ཡོན་ཅིང་ཐེབས་རྩ་ལས་ཁང་གི་ལག་བསྟར་འགན་འཛིན་འབུམ་རམས་པ་ལའེ་དབྱེ་ཀྲུང་ལགས་དང་། ཨོསྟྲེ་ལི་ཡཱ་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ (Kevin Andrews) མཆོག ཉི་ཧོང་ཆིང་དབྱིང་དབྱེ་ཧྲེའུ་གཙུག་ལག་སློབ་གྲྭ་ཆེ་མོའི་སློབ་དཔོན་ (Taniguchi Tomohiko) ལགས། ཧངྒ་རཱི་བྷོ་ཊ་ཕི་སི་ཨན་ཊི་ལ་པི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ (Heinrich Kreft) ལགས། ཕ་རཱན་སི་ལི་ཨན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ (Stephane Corcuff) ལགས་བཅས་ནས་གསུང་བཤད་གནང་བ་དང་། ཚོགས་ཞུགས་པ་རྣམས་ཀྱི་དྲི་བ་ཕེབས་པར་ལན་འདེབས་གནང་།
ཚོགས་ཐུན་གཉིས་པའི་བརྗོད་གཞི་ནི་ཐའེ་ཝན་དང་ཨ་རི། ཉི་ཧོང་བཅས་གྲོས་ཚོགས་འཐུས་མིའི་བར་གྱི་གླེང་མོལ་ཡིན་ཅིང་། ཚོགས་ཐུན་གཉིས་དེ་བཞིན་ཐའེ་ཝན་ཨེ་ཤེ་ཡ་འབྲེལ་འདྲིས་ཐེབས་རྩ་ཁང་གི་འགན་འཛིན་ཞའོ་ཤིན་ཧོང་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་ཀོ་ནོ་ཏཱ་རཱ་ (Kono Tara) ལགས་དང་། སུ་ཛུ་ཀི་ (Suzuki Keisuke) ལགས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་ཇར་ (Roger Wicker) ལགས་དང་བྷིལ་ (Bill Hagerty) ལགས། ཨ་རི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ (Andy Barr) ལགས། ཐའེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ལོ་ཀྲི་ཀྲན་ལགས་དང་ཧུ་ཀྲི་ཝེ་ལགས་བཅས་ཀྱི་དྲ་ལམ་དང་དངོས་གཞི་ཟུང་འབྲེལ་ཐོག་གསུང་བཤད་དང་ཕན་ཚུན་བགྲོ་གླེང་། དྲི་བར་ལན་འདེབས་གནང་ཡོད།ཉིན་གུང་ཞལ་ལག་ཚོགས་འདུའི་གཙོ་སྐྱོང་པ་ནི་ཐའེ་ཝན་ཕྱི་སྲིད་བློན་ཆེན་གཞོན་པ་ཙིན་ཧུག་རིན་མཆོག་ཡིན་ཅིང་། གསུང་བཤད་གནང་མཁན་གཙོ་བོ་ཨ་རིའི་རྒྱལ་ས་བདེ་འཇགས་བློན་ཆེན་ཟུར་པ་ཡིན་པ་དང་། ཉིན་གུང་ཞལ་ལག་གྱི་མདུན་ཅོག་སྐུ་ཚབ་དོན་གཅོད་ཡང་རྒྱལ་ཁབ་གཞན་གྱི་གཞུང་ཚབ་འདྲ་མཉམ་ཐོག་བཞག་ཡོད་པ་རེད།
ཚོགས་ཐུན་གསུམ་པའི་བརྗོད་གཞི་ནི་ཨུ་ཡུག་དམག་འཁྲུག་གིས་ཞི་ཧིན་བདེ་འཇགས་ལ་དོ་ཕོག་དང་གདོང་ལེན་བྱ་ཕྱོགས་ཞེས་ཡིན་ཅིང་། ཚོགས་ཐུན་འདིའི་གཙོ་སྐྱོང་པ་ནི་ཨོ་སི་ཀྲེ་ལི་ཡའི་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Christopher Pyne ལགས་ཡིན་པ་དང། གསུང་བཤད་གནང་མཁན་གཙོ་བོ་ཨ་རིའི་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ General Jim Mattis (Retd.) ལགས་དང། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གཞོན་པ་སྐུ་ཞབས་ Nakayama Yasuhide ལགས། ཨོསྟྲེ་ལི་ཡཱ་རྒྱལ་གཉེར་གཙུག་ལག་སློབ་གྲྭ་ཆེ་མོའི་རྒྱལ་ཁབ་བདེ་འཇགས་སློབ་སྤྱི་སྐུ་ཞབས་ (Rory Medcalf) ལགས། ཨིན་ལེན་རྒྱལ་ཚང་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་འགན་འཛིན་ (Robin Niblett) ལགས། རྒྱ་གར་གྱི་རྒྱ་ནག་དབྱེ་ཞིབ་དང་ཐབས་བྱུས་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ (Jayadeva Ranade) ལགས་བཅས་ནས་དྲ་ལམ་བརྒྱུད་གསུང་བཤད་གནང་གྲུབ་མཚམས་དྲི་བ་ཕེབས་པར་ལན་འདེབས་གནང་ཡོད།
ཚོགས་ཐུན་བཞི་པའི་བརྗོད་གཞི་ནི་ཨ་རྒྱ་འགྲན་རྩོད་དང་ཨུ་རུ་སུར་བཀག་གཅོད་བྱེད་པ་དེས་འཛམ་གླིང་དཔལ་འབྱོར་གྱི་སྒྲོམ་གཞི་ཇི་ལྟར་བསྐྱར་གསོ་བྱ་རྒྱུའི་སྐོར་ཡིན་ཅིང་། ཚོགས་ཐུན་འདིའི་གཙོ་སྐྱོང་པ་ནི་ཐའེ་ཝན་དཔལ་འབྱོར་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ལི་ཁྲོན་ལགས་ཡིན་པ་དང་། གསུང་བཤད་གནང་མཁན་ནིའུ་ཛི་ལེནྜ་དང་། ཐའེ་ཝན་ཚོགས་འབྲེལ་བསྐུལ་སྤེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Charles Finny) ལགས། ཉི་ཧོང་ཊོག་ཀྱོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ (Sahashi Ryo) ལགས། སིངྒ་པུར་རྒྱལ་སྤྱིའི་ཐབས་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ (Samir Puri) ལགས། ཁེ་ན་ཌ་ཁའར་ཊོན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ (Meredith Lilly) ལགས་བཅས་ཡིན་པ་དང་། གསུང་བཤད་གནང་གྲུབ་མཚམས་ཕན་ཚུན་བགྲོ་གླེང་དང་ཚོགས་ཞུགས་པས་དྲི་བར་ལན་འདེབས་གནང་ཡོད།
ད་ཐེངས་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་གནང་མཁན་ཐའེ་ཝན་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཐན་ཀྲུང་ཀོའང་ལགས་དང་། ཨེ་ཧྲ་ནི་ཡིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ (H.E. Toomas Hendrik Ilves) ལགས་ཡིན་ཅིང་། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཉིན་འཁྱོངས་ཚོགས་བཅར་ཞུས་ཏེ་འབྲེལ་ཡོད་ཕྱི་རྒྱལ་སྐུ་ཚབ་རྣམ་པ་དང་ཉམས་ཞིབ་པ། ཐའེ་ཝན་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་དང་ཕན་ཚུན་ངོ་སྤྲོད་ངོ་ཤེས་ཀྱི་འབྲེལ་ལམ་བཟང་པོ་བཙུགས་ཐུབ་ཡོད། །