༄༅། །བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ ཉིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཀོ་ནི་ཧྥ་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་འཚོགས་པའི་སྐབས་དང་བསྟུན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་མགྲོན་འབོད་ལྟར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༣༠ དང་ཕྱི་ཟླ་ ༧ ཚེས་ ༡ བཅས་ཉིན་གྲངས་གཉིས་རིང་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཡོད་པའི་སཾ་བྷོ་ཊ་གཏན་སློབ་ཀྱི་ཚོགས་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། བོད་མི་བཙན་བྱོལ་དུ་སླེབས་པའི་སྐོར་པར་རིས་སྣ་ཚོགས་ཀྱི་ལམ་ནས་འགྲེམས་སྟོན་གནང་ཡོད་པ་དང་། སྐབས་དེར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་ངོས་ནས་ཀོ་ནི་ཧྥ་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་རྣམས་ལ་ཕེབས་བསུའི་པར་རིས་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།མཛད་སྒོའི་སྐུ་མགྲོན་དུ་ཀོ་ནི་ཧྥ་རྐང་རྩེད་སྤོ་ལོའི་རང་དབང་མཐུན་ཚོགས་ (CONIFA) ཀྱི་གཙོ་འཛིན་སྐུ་ཞབས་པར་ཨན་ཌར་སི་བྷི་ལིན་ཌི་ (Per Anders Blind) ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་དང་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་བཅས་ཀྱིས་གཙོས་ཀོ་ནི་ཧྥ་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་རྣམས་དང་། ས་གནས་ཀྱི་སེར་སྐྱ་མི་མང་སོགས་ཕེབས་ཡོད། བོད་ཀྱི་འགྲེམས་སྟོན་ཁང་གི་འབྲེལ་ཡོད་ལས་བྱེད་ཀརྨ་བཀྲ་ཤིས་ལགས་དང་བསྟན་འཛིན་སྦྱིན་པ་ལགས་རྣམ་གཉིས་ཀྱིས་སྐུ་མགྲོན་རྣམས་ལ་དྲན་རྟེན་ལེགས་སྐྱེས་རེ་ཕུལ་ཡོད།
ཀོ་ནི་ཧྥ་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་དང་པོ་དེ་བཞིན་ནོར་ཝེའི་སབ་མེའི་ (Sapmi) མི་རིགས་སྐུ་ཚབ་རུབ་ཁག་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུབ་ཁག་གཉིས་དབར་འགྲན་བསྡུར་གནང་ཡོད་པ་བཅས།།