༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ལོ་ལྟར་བོད་ཟླ་ལྔ་པའི་ནང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཐུན་འགྱུར་རམ་འདེགས་འོག་ཉིན་ལྔའི་རིང་གཞུང་འབྲེལ་གྱི་མ་ཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམས་གནང་མུས་བཞིན། འདི་ལོ་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་མ་ཧཱ་གུ་རུའི་འབུམ་ཚོགས་དེ་བཞིན་བོད་ཟླ་ ༥ ཚེས་ ༢༡ ནས་ ༢༥ དང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༩ ནས་ ༢༣ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་ལྔའི་རིང་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མ་རེགས་པར་ས་གསུམ་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་།བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པས་གཙོས། རིས་མེད་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་། བསྟན་འགྲོ་སྐྱོང་བའི་ཐུགས་བཞེད་མཛད་པ་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་གསལ་ཐབས་སུ་དམིགས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་དང་། བཞུགས་སྒར་ཁུལ་གནས་འཁོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་། གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ་བཅས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུ་རྒྱུར་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་། བཞེས་བག དགུང་ཚིགས་དཀར་སྐྱོང་། དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་འབུལ་མུས་ཡིན།ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༩ ཉིན་གཞུང་འབྲེལ་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་ཉིན་དང་པོའི་ཚོགས་ཐུན་དང་པོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་ཨརྱ་པདྨ་དགྲ་འདུལ་མཆོག་བཅས་ཚོགས་ཞུགས་གནང་ཡོད།
དེ་བཞིན་བསླབ་གསུམ་འཕགས་ནོར་བདུན་གྱིས་ཐུགས་རྒྱུད་གཏམས་པའི་སྐྱབས་གནས་འཕགས་ཚོགས་འདུས་པ་རྒྱ་མཚོས་གཙོས་མི་མང་རྣམས་ནས་གལ་ཆེན་དོན་ཆེར་དགོངས་ཏེ་ཚོགས་ཞུགས་གནང་ཡོད། མཧཱ་གུ་རུའི་འབུམ་ཚོགས་ཀྱི་འགྲོ་གྲོན་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གཏོང་གི་ཡོད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་ཚོགས་རྫས་དང་། གསོལ་ཇ། བཞེས་བག དགུང་ཚིགས། མཆོད་པ་སོགས་གྲ་སྒྲིག་སླད་ལོ་ལྟར་མཐུན་འགྱུར་རམ་འདེགས་གནང་དང་གནང་མུས་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། །