༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཝ་ཤིང་
ཕྱི་ཚེས་ ༢༦ སྔ་དྲོ་ཝར་མོནཊ་ནས་ཕེབས་ཐོ
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་
ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན་དམ་བཅའ་ཕུལ་བ་རེད། དམ་བཅའ་ཕུལ་བའི་དུས་ཡུན་སྐབས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་དང་འགྲོ་བཞིན་པར་བརྟེན་ཕར་ཚུར་འགྲོ་རྒྱུའི་གོ་སྐབས་དེ་ཙམ་མ་བྱུང་བ་རེད། འགྲོ་རྒྱུའི་གོ་སྐབས་ཕྲན་བུ་བྱུང་བའི་སྐབས་དེར་གོ་སྐབས་དམ་འཛིན་བྱས་ཏེ་ཕར་ཚུར་བཅར་དགོས་སར་བཅར་བ་ཡིན། འོན་ཀྱང་བྱང་ཨ་རིའི་ནང་འདི་ལོའི་ཕྱི་ཟླ་ ༢ བར་དྲ་རྒྱུ་བརྒྱུད་གཞུང་དང་མཉམ་དུ་འབྲེལ་བ་བྱུང་ཡོད། མི་དངོས་སུ་བཅར་ནས་འབྲེལ་བ་ཡོང་རྒྱུ་དེ་འདི་ལོའི་ཕྱི་ཟླ་ ༢ ནང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨ་རིར་ཕེབས་པ་རེད། ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་གི་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་བསྐོ་གཞག་གནང་སྟེ་དུས་ཡུན་དེ་ཙམ་འགྲོ་གི་མེད། ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་དང་མཇལ་འཕྲད་མ་ཞུ་གོང་བྱང་ཨ་རི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་དང་ཕྱི་སྲིད་ལས་ཁུངས་དང་ལྷན་འབྲེལ་བ་གནང་སྟེ་རྨང་གཞི་ལྟ་བུ་གཏིང་གནང་བ་རེད།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕེབས་པའི་སྐབས་ནང་དོན་བཀའ་མོལ་ཞུ་དགོས་པ་ཁག་གཅིག་དང་། དེ་བཞིན་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་དང་ལྷན་བཀའ་མོལ་ཞུ་དགོས་པ་ཁག་གཅིག་ཞུས་པ་རེད། འདི་ལོའི་ཕྱི་ཟླ་ ༤ ནང་ཕྲན་རང་ཨ་རིར་ཡོང་རྒྱུའི་གོ་སྐབས་བྱུང་བ་རེད། སྐབས་དེར་ཨ་རི་ནང་གི་འབྲེལ་ཡོད་མི་སྣ་དང་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་རྒྱུའི་གོ་སྐབས་བྱུང་བ་དང་། སྐབས་དེ་དུས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་རི་ཆ་ཌི་གྷིར་ (Richard Gere) ལགས་ཀྱང་ཕེབས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཁག་གཅིག་དང་བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་ལས་བྱེད་ཁག་གཅིག་བཅས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་དང་ལྷན་ཆུ་ཚོད་ཕྱེད་ཀ་ཙམ་རིང་ཚོགས་འདུ་ཚོགས་ཏེ་གཙོ་བོ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་དུས་ཚོད་གཏན་འབེབས་གནང་རྒྱུ་དང་། དུས་ཚོད་གཏན་འབེབས་གནང་རྒྱུ་དེ་ཡང་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་དུས་ཚོད་དང་སྟབས་བསྟུན་ནས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ དང་ ༢༣ ཉིན་འཚོག་རྒྱུ་དེ་ལྟར་གཏན་ཁེལ་བ་རེད།
དེ་དང་མཉམ་དུ་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་ (James McGovern) མཆོག་གིས་སྣེ་ཁྲིད་པའི་ཐོག་ནས་ཨ་རིའི་གྲོས་ཚོགས་ནང་ཐེངས་དང་པོ་བོད་དེ་ལོ་རྒྱུས་གནས་བབ་ཐོག་ནས་རང་བཙན་ཡིན་པའི་མཁས་པའི་ཉན་ཞིབ་ཅིག་ཚོགས་ཡོད། ཉན་ཞིབ་སྐབས་བདེན་དཔང་གནང་མཁན་གཅིག་བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་གནང་མཁན་དང་རྒྱལ་སྤྱིའི་ཁྲིམས་ཐོག་མཁས་པ་སྐུ་ཞབས་མཧི་ཀལ་ཝན་ཝལ་ཊ་ (Michael Van Walt) ལགས་རེད། ཁོང་གིས་བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་དེབ་ཅིག་བྲིས་གནང་ཡོད་པ་དང་། དེབ་དེ་ཁོང་གིས་འདས་པའི་ལོ་ངོ་བརྒྱད་ཙམ་རིང་དབུས་ཨེ་ཤི་ཡའི་ནང་མཁས་པ་ཕལ་ཆེར་བདུན་ཅུ་དང་བརྒྱད་ཅུ་ཙམ་དང་ལྷན་གོ་བསྡུར་གནང་སྟེ་བྲིས་པ་ཞིག་རེད། དེབ་དེའི་ནང་བོད་དང་སོག་པོའི་འབྲེལ་བ། རྒྱ་རིགས་དང་མིང་གི་འབྲེལ་བ། བོད་དང་མན་ཇུའི་འབྲེལ་བ། དེ་བཞིན་དེང་སང་གི་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་རྩིས་མྱོང་མི་འདུག་ཅེས་པའི་མཐའ་བསྡོམས་བརྒྱབ་གནང་ཡོད།
ཉན་ཞིབ་གནང་མཁན་གཞན་ཞིག་ནི་སྐུ་ཞབས་ལིག་ཧན་ཁྲིན་ (Hon-Shiang Lau) ལགས་ཡིན་པ་དང་ཁོང་ནི་རྒྱ་མི་རེད། ཁོང་གི་ཉམས་ཞིབ་ནང་མིང་དང་མན་ཇུའི་དུས་ཡུན་རིང་སྟེ་ ༡༣༦༨ ནས་ ༡༦༤༤ བར་དང་། ༡༦༤༤ ནས་ ༡༩༡༡ བར་གྱི་ལོ་རྒྱུས་གནས་བབ་རྒྱ་ནག་གོང་མས་གཏན་ལ་ཕབ་པའི་ལོ་རྒྱུས་ལ་ལྟ་ཡོང་དུས་མིང་གི་དུས་ཡུན་སྐབས་སུའང་བོད་དེ་རྒྱ་ནག་གི་ཆ་ཤས་རྩ་བ་ཉིད་ནས་རྩིས་མེད་པ་དང་། དེ་བཞིན་མན་ཇུའི་དུས་ཡུན་སྐབས་སུའང་ལོ་རྒྱུས་ཀྱི་ཁུངས་གཞན་ལ་རྩ་བ་ཉིད་ནས་མ་བལྟས་པར་རྒྱ་ནག་རང་གིས་གཞུང་འབྲེལ་གཏན་འབེབས་བྱས་པའི་ཡིག་ཆ་ཁག་གི་ནང་ལྟ་ཡོང་དུས་བོད་དེ་རྒྱ་ནག་གི་ཆ་ཤས་རྩ་བ་ཉིད་ནས་རྩིས་མེད་པའི་ཁུངས་སྐྱེལ་གནང་ཡོད། ང་ཚོ་བོད་པའི་ངོས་ནས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ཕེབས་ཡོད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ནང་ཡོད་པའི་ཨེ་ལེན་བྷོག་ (Ellen Bork) ལགས་བཅས་ཀྱིས་ཉན་ཞིབ་གནང་སྟེ་ཨ་རིའི་གྲོས་ཚོགས་ནང་ཐེངས་དང་པོ་བོད་རང་བཙན་ཡིན་པའི་གནས་བབ་སྐོར་བཀའ་མོལ་བྱུང་ཐུབ་ཡོད། འདི་ལོ་རྒྱུས་ཀྱི་གནས་སྟངས་ཆགས་ཡོད། འདི་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་མཆོག་ནི་མང་གཙོ་ཚོགས་པ་ནས་རེད། སྤྱི་མཐུན་ཚོགས་པའི་ངོས་ནས་ཕྱི་འབྲེལ་ཚོགས་ཆུང་གི་འགོ་ཁྲིད་ (Maccaul) མཆོག་རྣམ་གཉིས་ཀྱིས་གྲོས་ཚོགས་ནང་དེ་ལྟ་བུའི་ཁྲིམས་འཆར་གདོན་རྒྱུ་ཕྱི་ཟླ་ ༤ ནང་བང་སྒྲིག་སྟེ་ཟླ་བ་གཉིས་ནང་ལས་གཞི་དངོས་སུ་བརྩམས་ཐུབ་པ་བྱུང་སོང་། དེ་དག་ཚང་མ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་རྟེན་ནས་ཡོང་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་