༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཨ་རིར་ཕེབས་འབྱོར་སྐབས་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས། རྒྱལ་ས་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་འཇིགས་མེད་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དཔལ་ལྡན་ཚོགས་གཙོ་ལྷན་དུ་དྲུང་འཕར་བསྟན་འཛིན་ཆོས་སྒྲོན་ལགས་དང་སྒེར་དྲུང་བསྟན་འཛིན་གསལ་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་རེད།
ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་དེ་བཞིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་རྗེས་ཨ་རི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་ཁོང་གིས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་མཚོན་གལ་ཆེའི་ཚོགས་འདུ་ཁག་གཅིག་ལ་མཉམ་ཞུགས་གནང་གི་འདུག བྱང་ཨ་རི་སྐུ་ཚབ་དོན་ཁང་གིས་ཨ་རིའི་རྒྱལ་ས་ཁུལ་དང་། ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་མི་མང་ལ་རིམ་བཞིན་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༤ དང་ ༢༥ བཅས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག
གཞན་ཡང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གནས་ཀ་ནེཀ་ཊི་ཀཊ་ (Connecticut) དང་། ལོ་སི་ཀལ་ཇལ་ (LA) བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་འཆར་འདུག།
ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཟླ་འདིའི་ཚེས་ ༡༥ ཉིན་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་གནང་གི་ཡོད་པ་བཅས།།