༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༠ ཉིན་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་གཉིས་ཝ་ཤིང་ཀྲོན་ཊི་སིར་རྟེན་གཞི་བྱས་པའི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་ (Victims of Communism Memorial Foundation) གོ་སྒྲིག་ཞུས་པའི་ཨ་རིའི་རྒྱལ་ཡོངས་མེ་ཏོག་ཞག་འཁོར་སྒྲོན་འབུལ་ཐེངས་བཅོ་ལྔ་པར་མཉམ་ཞུགས་གནང་ཡོད།
སྐབས་དེར་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་བོད་རིགས་འབྲེལ་མཐུད་པ་བསྟན་འཛིན་སྣང་བ་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད་པ་རེད། ལོ་ལྟར་ཕྱི་ཟླ་དྲུག་པའི་ནང་གཞུང་ཚབ་ཁང་ཁག་གིས་གཙོས་ཚོགས་སྡེ་འདྲ་མིན་ལྷན་འཛོམས་ཀྱིས་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་མི་མང་རྣམས་རྗེས་དྲན་ཞུ་བ་དང་འབྲེལ། རང་དབང་གི་རྒྱལ་ཁ་སྲུང་རྩི་དང་། འཛམ་གླིང་དམར་ཤོག་རིང་ལུགས་ནས་ཐར་ཐབས་སླད་དུས་དྲན་གོ་སྒྲིག་ཞུ་བ་དང་ཆབས་ཅིག ཞི་བདེ་དང་། རང་དབང་ཆེད་བློས་གཏོང་རྒྱ་ཆེ་གནང་མཁན་གང་ཟག་སྒེར་ལ་ (Dissident Human Rights) དང་། (Truman-Reagan Medal of Freedom) ཞེས་པའི་གཟེངས་རྟགས་འབུལ་གྱི་ཡོད། འདི་ལོར་ཨུ་རུ་སུའི་ཕྱོགས་འགལ་འགོ་ཁྲིད་དང་ཆབ་སྲིད་པ། ལྐོག་ཟ་རུལ་སུངས་ཀྱི་འཐབ་རྩོད་པ་སྐུ་ཞབས་ཨེ་ལེ་སི་ནཱ་ཝལ་ནེ་ (Alexei Navalny) ལགས་སུ་ (Dissident Human Rights Award) ཞེས་པའི་གཟེངས་རྟགས་གནང་ཡོད།མཛད་སྒོའི་ཐོག་བལ་གཱ་རི་ཡཱ། ཁེ་ན་ཊ། ཀོ་རོ་ཤི་ཡཱ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨེསྚོ་ནི་ཡཱ། ཇར་མ་ནཱི། ཧངྒ་རཱི། ལཱཏ་ཝི་ཡཱ། མཱལ་ཌོ་ཝཱ། མོན་ཊེ་ནེག་རོ། པོ་ལེནྜ། རོ་མཱ་ནི་ཡཱ། སོ་ལོ་ཝཀ་སྤྱི་མཐུན་རྒྱལ་ཁབ། སི་ལོ་ཝཱེ་ནི་ཡཱ། ཡུ་ཀེ་རེན་གྱི་གཞུང་ཚབ་ཁང་དང་། གཞན་ཡང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། ཏའི་པེའི་ (Taipei) ཚོང་དང་རིག་གཞུང་སྐུ་ཚབ། རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་ཚོགས་སྡེ་ཁག་ལྔ་བཅུ་ལྷག་མཉམ་ཞུགས་གནང་ཡོད། སྐབས་དེར་བོད་མིའི་སྐུ་ཚབ་རྣམས་ནས་རྒྱ་ནག་དམར་ཤོག་གཞུང་གི་བཙན་གནོན་འོག་སྡུག་སྦྱོང་མྱང་དང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་ཆེད་མེ་ཏོག་ཞག་འཁོར་སྒྲོན་འབུལ་ཞུས་ཡོད་པ་བཅས།།