༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡར་འབྲོག་གཞིས་བྱེས་གཉིས། འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་རྒན་གྲོལ་ལྡན་རྒྱ་མཚོ། བྱང་རིགས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔ་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།དེ་ཡང་གོང་ཚེས་ཉིན་གྱི་སྔ་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་སྤྱན་རྒྱ་སྤོས་འཛིན་དང་། ཚོགས་སྡེ་ཁག་ལྔའི་འཐུས་ཚབ་རེ་རེ་ནས་སྤོས་སྣེ་དང་བཅས། ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་གདན་འདྲེན་ཞུས་ཏེ། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་དང་། དེ་རྗེས་དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་འདེགས་འབུལ་ཞུས། རིམ་བཞིན་བརྟན་བཞུགས་དངོས་གཞི་དབུ་འཛུགས་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་གནང་ཐོག་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཚོགས་སྡེ་ཁག་གི་འཐུས་མི་དང་བླ་སྤྲུལ་ཁག་གཅིག་གིས་མཇལ་ཁ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་འབྲེལ་བའི་བརྟན་བཞུགས་གནང་བ་རེད། གང་ལྟར་ལས་དང་སྨོན་ལམ་གྱི་མཐུ་ཧ་ཅང་བཙན་པོ་རེད། ངོས་རང་ལས་དང་སྨོན་གྱི་ཐོག་ནས་བོད་ཀྱི་བསྟན་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པ་དངོས་ཡོད་གནས་ཚུལ་རེད།བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད། མི་མང་གི་བདེ་རྩ་དང་བཅས་པར་འཕར་འབོབ་ཆེན་པོ་ཡོང་བའི་སྐབས་སུ། ངོས་རང་༸རྒྱལ་བའི་མིང་ཐོག་ནས་ད་ལྟའི་བར་གང་ལ་གང་འཚམ་གྱིས་བོད་བསྟན་སྲིད་མི་མང་དང་བཅས་པར་ཕན་ཐོགས་བྱས་ཡོད་པ་ཧ་ཅང་གསལ་པོ་རེད། དེ་ནི་འདས་པའི་ལོ་རྒྱུས་ནང་སྒྲོ་བཏགས་པ་མིན་པར་དངོས་ཡོད་གནས་ཚུལ་ལ་བལྟས་ན་འཛམ་གླིང་ཀུན་གསལ་རེད། ད་ལྟ་ངོས་རང་ལོ་བརྒྱད་ཅུ་གྱ་གྲངས་རེད། ད་དུང་སླད་ཀྱང་དགུ་བཅུ་གོ་གྲངས། བརྒྱ་བརྒལ་བ་ཞིག་ལ་བོད་རྒྱ་ཆེའི་མི་མང་གི་བསྟན་འགྲོའི་དོན་བྱེད་པའི་སེམས་ཤུགས་ཡོད་ལ། ཏན་ཏན་བྱེད་ཐུབ་ཀྱི་རེད། ཤེས་སོང་ངམ།ཁྱེད་རང་ཚང་མ་བློ་བདེ་བོ་བྱས་ཏེ་བཞུགས། ངོས་ཀྱི་གཟུགས་པོ་ཧ་ཅང་ཡག་པོ་ཡོད། ཀླད་པ་ཡང་གྲུང་ཐག་ཆོད་ཡོད། ད་དུང་ཤུགས་བསྐྱེད་ནས་འབྱུང་འགྱུར་ལོ་བཅུ་ཕྲག་གཉིས་དང་གསུམ་ལ་སྡོད་ཐུབ་ཀྱི་རེད། གང་ལྟར་ང་ཚོ་བོད་ཀྱི་བདེན་མཐའ་གསལ་ཐུབ་པར་རེ་བ་བརྒྱབ་ཆོག་གི་རེད། དེང་སང་རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་འདུག་ལ་བོད་ཀྱི་ནང་ཆོས་ལའང་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་འདུག ངོས་ཀྱི་མིང་ཐོག་ལའང་དོ་སྣང་བྱེད་བཞིན་འདུག གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ལ་འཛམ་གླིང་གིས་དོ་སྣང་བྱེད་བཞིན་པ་ཞིག་ཆགས་ཡོད། ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་བདེན་དོན་མུ་མཐུད་འཛམ་གླིང་འདིར་གནས་པ་ཙམ་དུ་མ་ཟད་འཛམ་གླིང་གང་སར་ཕན་ཐོགས་ངེས་ཅན་ཞིག་ཡོང་ཐུབ་པར་ངོས་ཀྱིས་ཚོད་ཐིག་གི་འདུག ངོས་ཀྱིས་གང་ཡོང་བྱེད་ཀྱི་རེད།རྩ་བའི་ངོས་རང་གིས་ཆབ་སྲིད་ཀྱི་ལས་ཀ་བཞག་ནས་རྒན་ཡོལ་དང་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་བསྡད་ཡོད། པཎྜི་ཏ་ནེཧ་རུ་ཡིས་ཀངྒ་ར་ལ་༸རྒྱལ་བ་རིན་པོ་ཆེ་བཞུགས་ས་ཞིག་གནང་ན་ཡག་པོ་འདུག་ཅེས་ངོས་རང་ཀངྒ་ར་ལ་བསྡད་པ་རེད། ང་ཚོའི་ཆབ་སྲིད་ཀྱི་ལས་ཀའི་རིགས་གྲོས་ཚོགས་དང་སྲིད་སྐྱོང་གིས་བྱས་ཏེ་ཡག་ཐག་ཆོད་ཡོད་པ་རེད། ངོས་ཀྱིས་འདིར་བློ་གཡེང་བྱས་ཏེ་འགན་ཁུར་དགོས་པ་གང་ཡང་མི་འདུག ཁོ་རང་ཚོ་དངོས་ནས་དྲང་གནས་དྲང་པོ་དྲང་བཞག་དང་ཚགས་ཚུད་ཐག་ཆོད། ཡག་ཐག་ཆོད་འདུག ངོས་རང་བླ་རྒན་གྱིས་ད་ལྟའི་བར་དུ་དཀའ་ལས་བརྒྱབ་པ་ཡིན། དཀའ་ལས་བརྒྱབ་པ་ལ་བྱས་རྗེས་ཏོག་ཙམ་དགོས་པ་རེད། ངོས་རང་ལ་བྱས་རྗེས་གཞན་དགོས་པ་མི་འདུག ལྷོད་ལྷོད་བྱས་ཏེ་བསྡད་ན་འགྲིག །ངོས་ཀྱིས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་བཞིན་ཡོད། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིད། ། ཅེས་གསུངས་པ་ལྟར་རང་དོན་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་འགྲུབ་པ་དང་། གཞན་དོན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་འགྲུབ་ཀྱི་འདུག དེ་ངོས་ཀྱིས་ཉམས་ལེན་གཙོ་བོར་བྱེད་ཀྱི་ཡོད། ངོས་རང་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། དེར་བརྟེན་བྱང་ཆུབ་ཀྱི་སེམས་གཙོ་བོ་བྱས་ཏེ་སྒོམ་བཞིན་ཡོད། དེ་བཞིན་དུ། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག། །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །ཞེས་ཀླུ་སྒྲུབ་ཀྱི་སློབ་མ་ཟླ་གྲགས་དང་། ཟླ་གྲགས་ཀྱི་དགེ་ཕྲུག་གྲས་སུ་ངོས་རང་ཡོད་པ་ཞིག་ངོས་ཀྱིས་དྲན་གྱི་འདུག དེར་བརྟེན་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་ཟླ་བ་གྲགས་པའི་དབུ་མ་འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་སོགས་ལ་ཉིན་ལྟར་བསམ་བློ་གཏོང་གི་ཡོད།སྤྱིར་བོད་གངས་ཀྱི་ལྗོངས་ཀྱི་བསྟན་འགྲོའི་དོན་དང་། སྙིང་རྗེའི་བོད་ནང་གི་བོད་མི་རྣམས་ཀྱིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཧ་ཅང་དགའ་མོས་བྱེད་བཞིན་འདུག ཚུར་དེ་ལྟར་བྱེད་སྐབས་དེ་དག་ལ་སྨོན་ལམ་ཚིག་སྐམ་པོ་ཙམ་ལས་མེད་ཀྱང་སྨོན་ལམ་བརྒྱབ་རྒྱུ་ངོས་ཀྱི་ལས་འགན་རེད། དེ་བཞིན་རྒྱ་ནག་ཏུ་ཆ་བཞག་ནའང་དེང་སང་ཏཱ་ལའི་ལོག་སྤྱོད་པ་ཟེར་མཁན་མི་འདུག ཏཱ་ལའི་བླ་མའི་ཆོས་ཀྱི་སྐོར་བཤད་པ་དེ་ནཱ་ལེནྡྲའི་ཆོས་བརྒྱུད་ཚན་རིག་དང་མཐུན་པ་འདུག་ཅེས་བཤད་མཁན་འདུག
རིན་པོ་ཆེ་རྡོ་རྗེ་སློབ་དཔོན་མགོ་དཀར་པོ་ཆགས་འདུག ངོས་རང་དེ་འདྲ་མགོ་དཀར་པོ་ཡོད་པ་མ་རེད། ད་དུང་ལོ་ཉི་ཤུར་ངོས་རང་ཧྲ་ཏག་ཏག་སྡོད་ཀྱི་རེད། ཁྱོད་རང་ཚོ་བོད་རྒྱ་ཆེའི་མི་མང་གིས་ཀྱང་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱེད་དགོས་པ་རེད། ཧུར་ཐག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་དུས་ཚོད་སྡུག་ཤོས་གཉན་འཕྲང་ཅན་ཕལ་ཆེར་ཡོལ་ཚར་བ་རེད། ད་ལྟ་ང་ཚོ་གནས་ཚུལ་གསར་པ་ཞིག་གི་འོག་ནས་རེ་བ་གསར་པ་ཞིག་རྒྱག་པའི་ཐོག་ལ་སླེབས་ཡོད། ཚང་མས་ཧུར་ཐག་གནང་ཤོག བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས་གཏང་རག་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད། །