༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༢ ཉིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་དོན། དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མང་པོའི་མི་སྣ་འཛོམས་ཏེ་གོ་བསྡུར་གནང་གི་ཡོད་པ་རེད། ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་བཀའ་དྲིན་ཆེ་ཞེས་ཞུ་ཡི་ཡོད།
བོད་ཀྱི་དོན་དག་ནི་ཕྱོགས་གཅིག་ནས་བདེན་དོན་རེད། གཉིས་ནས་བོད་ཀྱི་དོན་དག་འདི་སེམས་ཁམས་རིག་པའི་སེམས་ཀྱི་ཞི་བདེ་དང་བྱམས་བརྩེའི་ཤེས་ཡོན་གཙོ་བོ་ཆགས་སྟབས། འདི་ཆབ་སྲིད་ཁོ་ནའི་སྐད་ཆ་མ་རེད། གང་ལྟར་བོད་ཀྱི་རིག་གཞུང་ནི་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དང་དེ་ཡང་ཡིད་ཆེས་ཙམ་མིན་པར་དེའི་རྒྱུ་མཚན་ལ་བརྟེན་ནས་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་འདི་རྒྱ་གར་གྱི་མཁས་པའི་རིག་གཞུང་སྤུས་དག་ཤོས་ཤིག་དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་ཚུགས་ཏེ་ཆགས་ཡོད། བོད་པའི་རང་གཤིས་སུ་བྱིས་པ་ཆུང་ཆུང་ཞིག་ཡིན་ནའང་འབུ་མ་གསོད་ཟེར་རྒྱུ་ལྟ་བུ་སྙིང་རྗེའི་རྣམ་འགྱུར་ཆུང་དུས་ནས་གོམས་གཤིས་ཡོད་པའི་མི་རིགས་ཤིག་ཆགས་ཡོད།
དེ་འདྲའི་མི་རིགས་ལ་བཟང་པོའི་གོམས་གཤིས་ཡོད་པ་འདི་བོད་མི་ཙམ་མིན་པར་རིམ་བཞིན་འཛམ་གླིང་སྟེང་བྱམས་བརྩེ་ཟེར་རྒྱུ་འདིར་དོ་སྣང་གསར་པ་སླེབ་རྒྱུ་དང་། དེའི་ཐོག་བོད་མི་རིགས་ཀྱི་ཤེས་ཡོན་ཡོད་མཁན་ཚོས་གང་ཐུབ་ཞབས་འདེགས་སྒྲུབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་མ་ཟད། འབད་བརྩོན་བྱེད་ཀྱི་ཡིན་ན་གོ་སྐབས་བཟང་པོ་ཞིག་ཡོད་པ་ལྟ་བུ་འདུག འདི་བོད་ཁོ་ནའི་དོན་དག་མ་རེད། འཛམ་གླིང་སྤྱི་ཡོངས་ཞི་བདེ་ལ་དགའ་བ་རེད། ཞི་བདེའི་རྩ་བ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཆགས་ཡོད། སེམས་པ་བཟང་པོ་བྱེད་རྒྱུ་ཞེས་པ་འདི་མངལ་སྐྱེས་སེམས་ཅན་དུད་འགྲོ་ཚུན་ཆད་སྐྱེས་མ་ཐག་ལ་མའི་བྱམས་བརྩེས་འཚོ་བཞིན་པ་ཆགས་ཡོད། དེར་བརྟེན་རང་བཞིན་ལྷན་སྐྱེས་ཀྱིས་སྲོག་ཆགས་དུད་འགྲོ་ཚུན་ཆད་བྱམས་བརྩེ་དང་མའི་ནུ་ཞོ་ལས་འཚོ་བཞིན་ཡོད།
ང་རང་ཚོ་བོད་པ་ནི་མི་ཡིན་པའི་ཆ་ནས་དེ་བས་ཀྱང་མའི་བྱམས་བརྩེ་འོག་ནས་འཚར་ལོངས་བྱས། གང་ལྟར་སྐྱོན་ཆ་ལྟ་བུ་ནི་ཤེས་ཡོན་གྱི་སྡེ་ཚན་ནང་ཞུགས་ཡོང་དུས་ཤེས་ཡོན་སྡེ་ཚན་ནང་ནུབ་ཕྱོགས་ནས་ཡོང་བའི་དངོས་ཁམས་རིག་པ་སོགས་གཙོ་བོ་བྱས་པ་མ་གཏོགས་སེམས་ཁམས་རིག་པའི་སེམས་ཀྱི་ཞི་བདེ་བསྒྲུབ་སྟངས་སྐོར་ད་ལྟ་དེ་ཙམ་མི་འདུག དེང་སྐབས་ནུབ་ཕྱོགས་པའི་མཁས་དབང་རིགས་དང་། སེམས་ཁམས་རིག་པ་སྨྲ་མཁན་དེ་འདྲ་ཡིས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུའི་བྱམས་བརྩེ་བཤད་རྒྱུར་དོ་སྣང་གསར་པ་ཞིག་གཞི་ནས་ཡོང་བཞིན་འདུག དེར་བརྟེན་སེམས་ཁམས་རིག་པ་དང་སེམས་ཀྱི་ཞི་བདེ། བྱམས་བརྩེ་གོང་འཕེལ་གཏོང་རྒྱུའི་སེམས་ཁམས་རིག་པའི་ཤེས་ཡོན་དང་དེང་དུས་ཀྱི་འཛམ་གླིང་གི་དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་གཉིས་པོ་ཟུང་དུ་འབྲེལ་རྒྱུ་ཕལ་ཆེར་ཡོང་ཐུབ་ཀྱི་རེད།
སུ་ཡིན་ནའང་བདེ་སྐྱིད་འདོད་མཁན་ཤ་སྟག་རེད། བདེ་སྐྱིད་ཀྱི་རྩ་བ་སེམས་བཟང་པོ་བྱེད་རྒྱུ་དེ་རེད་འདུག མི་ཞིག་ཡིན་ཕྱིན་ཆད་ཚོར་བ་ཡོད་པ་རེད། དེ་ལྟོ་གྲོད་ཁོག་གང་དང་ཕྲལ་སེལ་གྱི་རྩེད་མོ་རྩེ་རྒྱུ་ཡོད་པས་ཕན་གྱི་མེད། སེམས་ལ་བྱམས་བརྩེའི་ཚོར་བ་ཡོད་པ་ཞིག་བྱུང་ན་སོ་སོ་གང་དུ་ཡོད་ས་དེར་སེམས་སྐྱིད་པ་ཞིག་ཡོང་གི་འདུག དེར་བརྟེན་བོད་ཀྱི་རིག་གཞུང་འདི་ཆོས་ཀྱི་སྐད་ཆ་གཅིག་པུ་མ་རེད། ལྷ་གསོལ་ཀླུ་གསོལ་གྱི་སྐད་ཆ་མ་རེད། གང་ལྟར་ཆོས་མེད་མཁན་ཞིག་ཡིན་ནའང་སེམས་པ་བཟང་པོ་བྱས་ན་སྐྱིད་པོ་ཡོད། བོད་ཀྱི་རིག་གཞུང་གཙོ་བོ་ནི་བྱམས་བརྩེ་རེད་འདུག དེ་ང་ཚོས་ད་ལྟ་བར་དུ་ང་ཚོ་བཙན་བྱོལ་ལ་ཡོད་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་བདག་པོ་བརྒྱབ་པ་དེ་ལྟར་རེད། དེས་ནུས་པའང་འཐོན་གྱི་འདུག དཔེར་ན་ངོས་རང་ལ་མཚོན་ནའང་དེ་འདྲའི་ཐོག་ནས་འཚར་ལོངས་བྱུང་བ་ཡིན་སྟབས་གང་དུ་ཕྱིན་པ་ཡིན་ནའང་བྱམས་བརྩེ་ཟེར་མཁན་འདི་འགྲེལ་བཤད་རྒྱག་བཞིན་ཡོད།
དེ་རིང་རྒྱལ་སྤྱིའི་ཚོགས་འདུ་འཚོགས་པའི་སྐབས་གཙོ་བོ་བོད་ཀྱི་ཆབ་སྲིད་དཀའ་ངལ་རེད་དེ་གཙོ་བོ་བོད་ཀྱི་རིག་གཞུང་འདི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བའི་ཐོག་ཐུགས་འཁུར་ཤུགས་ཆེ་བཞེས་ཐུབ་དགོས། འདི་ང་ཚོས་རང་བཙན་བྱེད་ཀྱི་ཡིན་ཞེས་ཟེར་གྱི་མེད། ངོས་ཀྱིས་ལོ་ཤས་གོང་ནས་གསལ་པོ་བརྗོད་པ་ཡིན། ང་ཚོས་རང་བཙན་རྩོད་ཀྱི་མེད། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་འདུག་ཅེས་ངོས་ཀྱིས་བཤད་ཀྱི་ཡོད།
ཆབ་སྲིད་ཐོག་ནས་རྒྱ་ནག་དང་འགལ་ཟླ་འགྲོ་བ་གང་ཡང་མི་འདུག དངོས་ཡོད་གནས་ཚུལ་ལ་དེང་སྐབས་རྒྱ་ནག་ནང་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེ་འདྲའི་གནས་སྟངས་འོག་ནས་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡག་པོ་ཞིག་བྱུང་ཐུབ་ན་བོད་མི་རིགས་ཙམ་མིན་པར་སོག་རིགས་ཁག་དེ་དག་དང་ཆེ་ས་ནས་རྒྱ་ནག་རང་ལ་ཆ་བཞག་ན་བོད་ཀྱི་རིག་གཞུང་སེམས་པ་བཟང་པོ་དང་ཡ་རབས་བྱེད་རྒྱུའི་རིག་གཞུང་འདི་རྒྱ་ནག་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ནང་དངོས་འབྲེལ་ཕན་ཐོགས་ཡོང་ཐུབ་པ་ཞིག་ཆགས་འདུག ཆོས་པ་དང་ནང་པ་བྱེད་དགོས་ཞེས་ཟེར་གྱི་ཡོད་པ་མ་རེད། སོ་སོར་ཆོས་དད་ཡོད་ན་རེད་མེད་ནའང་རེད། མི་བཟང་པོ་ཞིག་བྱེད་རྒྱུ་འདི་སྐྱེས་ཙམ་ཉིད་ནས་ཨ་མས་བྱམས་པོ་བྱེད་བཞིན་པའི་བྱམས་བརྩེའི་རྣམ་འགྱུར་ཞིག་ཡོད་པ་འདི་ཆོས་དང་འབྲེལ་མི་འདུག རང་བཞིན་ལྷན་སྐྱེས་ཀྱི་ཡོང་གི་ཡོད་པ་རེད།
སེམས་པ་བཟང་པོ་བྱེད་རྒྱུའི་མིག་ལྟོས་བོད་པར་ཧ་ཅང་ཡག་པོ་ཡོད་པ་འདི་རྒྱ་སྐྱེད་ཐུབ་ན། མི་མང་པོར་ཕན་ཐོགས་ཡོང་གི་རེད་སྙམ་པ་དྲན་བཞིན་ཡོད། ངོས་ལ་ཆ་བཞག་ན་ངོས་ཀྱིས་མཐའ་གཅིག་ཏུ་ཆོས་སྤེལ་རྒྱུ་དང་ནང་ཆོས་སྤེལ་རྒྱུ་ཟེར་གྱི་མེད། གང་ལྟར་སེམས་པ་བཟང་པོ་བྱེད་དགོས་པ་བཤད་ཀྱི་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག་བོད་ཀྱི་རིག་གཞུང་གི་སྙིང་པོ་ནི་སེམས་པ་བཟང་པོ་བྱེད་རྒྱུའི་རིག་གཞུང་འདི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུའི་ཐོག་དགོངས་པ་བཞེས་ཏེ་དེང་དུས་ཀྱི་ཤེས་ཡོན་སྡེ་ཚན་ནང་ཆོས་དང་མ་འབྲེལ་བའི་ཡ་རབས་ཀྱི་སྤྱོད་པ་བསླབ་རྒྱུར་ཤུགས་བརྒྱབ་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམ་པ་དྲན་གྱི་འདུག ཐུགས་རྗེ་ཆེ། །