༄༅། །བར་ལམ་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་མངའ་སྡེའི་ནང་ཆར་ཞོད་དང་ཆུ་ལོག་ཚབས་ཆེ་བྱུང་རྐྱེན་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཤུགས་ཆེ་འཕོག་བཞིན་པར་བརྟེན། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འབུམ་རམས་པ་ཧི་མཱན་ཏཱ་སར་མ་ (Himanta B. Sarma) ལགས་སུ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་སྩལ་གནང་ཡོད།
དེ་ཡང་གསུང་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས། ཕལ་ཆེར་ལོ་བསྟུད་མར་དབྱར་དུས་ཀྱི་ཆར་ཞོད་ལ་བརྟེན་ནས་ཨ་སམ་དང་རྒྱ་གར་ས་གནས་གཞན་ཁག་ཏུ་གོད་ཆག་བྱུང་གི་འདུག སྐུ་ཉིད་ཀྱི་མངའ་སྡེའི་ནང་དུ་བར་ལམ་ཆུ་ལོག་གིས་རྐྱེན་བྱས་ཏེ་མི་མང་པོར་དཀའ་ངལ་འཕྲད་བཞིན་པར་ངོས་རང་བློ་ཕམ་བྱུང་། དེས་ན་ངོས་ཀྱིས་སྐུ་ཉིད་དང་རང་གི་དགའ་ཉེ་རྐྱེན་ལམ་ཕྱིན་པའི་ནང་མི་ཡོངས། གཞན་ཡང་ཆུ་ལོག་གིས་གནོད་སྐྱོན་འཕོག་མཁན་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
གནོད་སྐྱོན་འཕོག་མཁན་རྣམས་ལ་འབྲེལ་ཡོད་རྣམས་ནས་གང་ཐུབ་ཀྱིས་ཉེན་སྐྱོབས་དང་། ངལ་སེལ་སྐྱོབ་གསོ་གནང་བཞིན་པར་བསྔགས་བརྗོད་ཞུ། ངོས་ཀྱིས་ཨ་སམ་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་ངལ་སེལ་ཆེད་ཞལ་འདེབས་འབུལ་གྱི་ཡོད། ཅེས་གསུངས་འདུག །