༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༧ ནས་ ༢༡ བར་ཉིན་གྲངས་ལྔའི་རིང་འཚོག་འཆར་ཡོད་པའི་འཕགས་བོད་མཁས་པའི་བགྲོ་གླེང་སྐབས་གཉིས་པར་གསུང་འཕྲིན་སྩལ་འདུག
དེ་ཡང་གསུང་འཕྲིན་ནང་འཁོད་དོན། དགའ་ལྡན་ཤར་རྩེ་བྱང་སློབ་གཉེར་ལྷན་ཚོགས་ཀྱིས་ལོ་ཤས་སྔོན་ནས་གོ་སྒྲིག་གིས་རྒྱལ་ཡོངས་འཕགས་བོད་བགྲོ་གླེང་ཐེངས་དང་པོ་ཚོགས་པ་དང་། ད་ལམ་ཡང་འཕགས་བོད་མཁས་པའི་བགྲོ་གླེང་འཚོགས་འཆར་ལ་ཡི་རང་བསྔགས་བརྗོད་ཡོད། ངོས་ནས་ལོ་བཞི་ཅུ་ཙམ་གྱི་གོང་ནས་ཚན་རིག་པ་དང་མཉམ་དུ་ནང་པའི་གཞུང་ནས་བྱུང་བའི་སེམས་ཁམས་རིག་པ་སོགས་བརྗོད་གཞི་དུ་མའི་ཐོག་བགྲོ་གླེང་ལྷུག་པོར་བྱས་པའི་འབྲས་བུར། ནང་པའི་གཞུང་ལུགས་ནས་བྱུང་བའི་སེམས་ཁམས་རིགས་པ་སོགས་བརྗོད་གཞི་དུ་མའི་ཐོག་བགྲོ་གླེང་ལྷུག་པོར་བྱས་པའི་འབྲས་བུར། ནང་པའི་གཞུང་ལུགས་ནས་བྱུང་བའི་སེམས་ཁམས། ལྟ་གྲུབ། གཏན་ཚིགས་རིག་པ་སོགས་ཀྱིས་འཛམ་གླིང་སྤྱིའི་ཤེས་ཡོན་ལ་ཕན་ཐོགས་རླབས་ཆེན་ཡོང་བའི་ངེས་པ་རྙེད་བྱུང་། བོད་ཀྱི་ཆོས་བརྒྱུད་ནི་ནཱ་ལེནྡྲའི་བརྒྱུད་པ་ཚང་ལ་མ་ནོར་བ་དེ་ཡིན་པས་ཡང་དག་པའི་རིགས་ལམ་ཉིད་ནས་ངེས་པ་འདྲོང་རྒྱུ་ཡོད་པ་ཞིག་རེད།
ངོས་ཀྱིས་རྒྱལ་སྤྱིའི་སྡིངས་ཆར་བོད་ཀྱི་ཆོས་དང་རིག་གཞུང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པར་སྤྲོ་བ་དང་ཕྱི་རབས་རྣམས་ལའང་རང་གི་རིག་གཞུང་བརྒྱུད་འཛིན་བྱེད་ཕྱོགས་ཀྱི་ཐད་ལམ་སྟོན་གྱི་མིག་དཔེ་ལྟ་བུར་གྱུར་པའི་ཡིད་ཆེས་ཡོད། རང་རེ་བོད་ལ་ལོ་སྟོང་ཕྲག་གི་སྔོན་ནས་ནང་ཆོས་ཀྱིས་མཚོན་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་ད་ཆ་མི་རབས་རྗེས་མ་ཚོས་ཉམས་མེད་བརྒྱུད་འཛིན་བྱེད་པའི་དུས་སུ་སླེབས་ཡོད་པས་ཀུན་གྱིས་སྤོབས་པ་དང་ལྷག་བསམ་རྒྱ་ཆེར་བསྐྱེད་དེ་མ་ཁྱབ་པའི་སར་ཁྱབ་པ་དང་། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་སུ་རྒྱ་ཆེར་གསལ་བར་བྱེད་པའི་སྐུལ་ལྕག་སྨོན་ལམདང་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ། ཏཱ་ལའི་བླ་མས། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ཟླ་ ༤ ཚེས་ ༡༡ ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༠ ལ།།