༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་ཁག་རེ་ཞིག་མཇུག་སྒྲིལ་ཡོད།
དེ་ཡང་ཕྱི་ཚེས་ ༢ ཏེ་ཆོས་འགྲེལ་ཉིན་མཐའ་མའི་སྔ་དྲོ་ཆུ་ཚོད་ ༧ ཙམ་ལ་མགོན་པོ་གང་ཉིད་མཆོག་༧རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། དེ་རིང་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་དངོས་གཞི་འབུལ་རྒྱུ་རེད། འཕགས་པ་སྤྱན་རས་གཟིགས་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཞེས་ནང་པའི་ལུང་པ་མང་པོར་སྤྱན་རས་གཟིགས་ལ་ (Avalokiteshvara) ཞེས་རྩ་ཆེན་པོ་བརྩི་རྒྱུ་ཡོང་གི་འདུག རྒྱ་ནག་ནང་དུའང་ (Avalokiteshvara) ཞེས་རྩ་ཆེན་པོ་རྩི་གི་ཡོད་པ་རེད། ང་ཚོ་བོད་ལ་ཆ་བཞག་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་ཏེ་སྔར་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་བོད་པར་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་རེད་འདུག ཁ་སང་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་སྟ་གོན་གྲུབ་པ་དང་། དེ་རིང་དངོས་གཞི་འབུལ་རྒྱུ་རེད། ངོས་ཀྱིས་སྔོན་ལ་སྒྲུབ་གཞག་བྱེད་པའི་རིང་ཁྱེད་རང་ཚོས་མ་ཎི་གསོག་དགོས་ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་མཆོག་གིས་སྒྲུབ་གཞག་མཛད།དེ་ནས་མུ་མཐུད་བཀའ་སློབ་སྩལ་དོན། སྤྱིར་འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་མཆོག་ཆགས་ཡོད། སེམས་ཅན་ཀུན་ལ་གཟིགས་མཁན་ཞིག་དང་དེའི་ནང་ནས་ཀྱང་ང་ཚོ་བོད་ལ་ལོ་རྒྱུས་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་ཞིང་ཡིན་པའི་ལོ་རྒྱུས་ཁུངས་ཧ་ཅང་བཙན་པོ་བཤད་རྒྱུ་འདུག དེ་རིང་འདིར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་། ཇོ་བོ་ཝ་ཏི་བཟང་པོ་ཡོད། ལྷ་ས་རྩེ་པོ་ཏཱ་ལར་སྤྱན་རས་གཟིགས་སྟོན་འཁོར་གསུམ་ཡོད་པ་དེ་དང་ཇོ་བོ་ཝ་ཏི་བཟང་པོ་གཉིས་ཞེ་ས་མ་ཞུས་ན་སྤུན་མཆེད་ནང་བཞིན་རེད་ཅེས་བཤད་རྒྱུན་ཡོད་པ་རེད། སྐུ་མདུན་སྐུ་གོང་མ་དང་། ཕལ་ཆེར་༸རྒྱལ་བ་སྐུ་གོང་མ་ཚོའང་མིན་ནམ། དམིགས་བསལ་གྱི་ལྗགས་སྙན་དེ་འདྲ་གནང་བའི་སྐབས་སྟོད་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ལྷ་སར་གདན་ཞུ་གནང་གི་འདུག ཟིང་འཁྲུག་བྱུང་རྗེས་ཆུ་བཞི་སྒང་དྲུག་དེ་ཚོའི་གྲས་ཧ་ཅང་དྲིན་ཆེན་པོ་རེད། སྟོད་ནས་བལ་ཡུལ་བར་དུ་གདན་འདྲེན་ཞུས། བལ་ཡུལ་ནས་རྒྱ་གར་ལ་གདན་འདྲེན་ཞུས་པ་རེད། ནམ་རྒྱུན་རྟེན་བཞུགས་ས་དེ་རྫོང་དཀར་ཆོས་སྡེ་རེད། རྫོང་དཀར་ཆོས་སྡེ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་ཡོད་པར་བརྟེན་ཐུགས་རྗེ་ཆེན་པོ་དེ་རྒྱ་གར་ལྷོ་ཕྱོགས་སུ་གདན་འདྲེན་ཞུ་རྒྱུའི་རྩིས་བྱས་པ་རེད། སྐབས་དེར་ངོས་ཀྱིས་ཐུགས་རྗེ་ཆེན་པོ་དྷ་རམ་ས་ལར་བཞུགས་སམ་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་གཟན་རྟགས་སྒྲིལ་བ་ཡིན། དྷ་རམ་ས་ལར་བཞུགས་རྒྱུར་གཟན་རྟགས་བཟང་པོ་བྱུང་སོང་། ངོས་ཀྱི་སྡོད་སར་ཐུགས་རྗེ་ཆེན་པོ་བཞུགས་ཡོད། ངོས་རང་ཐུགས་རྗེ་ཆེན་པོའི་དཀོན་གཉེར་ལྟ་བུ་ཆགས་ཡོད། ཐུགས་རྗེ་ཆེན་པོའི་སྐུ་མཇལ་བའི་སྐབས་ཡར་གད་མོ་བགད་ན་མར་བཞད་མོའི་མདངས་བསྟན་ཡོང་མཁན་ཞིག་འདུག སྐྱབས་སུ་མཆི་གསོན་པོ་འདྲ་བོ་ཞིག་འདུག ལྷ་སར་ཕྲུ་གུ་ཆུང་ངུའི་སོ་དང་པོ་དེ་མར་བརྗེ་པའི་སྐབས་སོ་དེ་གནམ་མཁར་གཏོར་ནས་རྟ་སོ་མ་སྐྱེས། བོང་སོ་མ་སྐྱེས། གཡང་དཀར་ལུ་གུའི་སོ་སྐྱེས་ཤོག ཅེས་ཟེར་སྲོལ་ཡོད། དེར་བརྟེན་ངོས་ཀྱི་སོ་འདི་གཡར་དཀར་ལུ་གུའི་སོ་ཕལ་ཆེར་རེད། ད་བར་སོ་གཅིག་ཀྱང་བཀོག་མེད། ཆུང་དུས་སྐབས་སོ་གང་ཡོད་པ་ཆ་ཚང་ཡོད། སྦུག་སོ་མེད། སྦུག་སོ་མེད་ནའང་ཀླད་པ་ཡོད་པ་རེད། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ངོས་ཀྱིས་ལྷ་ས་གཙུག་ལག་ཁང་གི་ཇོ་བོའི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་པ་རེད། མཁན་པོ་ཡོངས་འཛིན་གླིང་རིན་པོ་ཆེ་རེད། ངོས་ཀྱིས་ཆུང་དུས་སྐབས་ནས་དཔེ་ཆ་གང་ཙམ་བལྟས་ཡོད། མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློར་བཟུང་། དེ་དུས་དོ་སྣང་དེ་ཙམ་མེད་བར་སྐབས་ནས་དོ་སྣང་ཏོག་ཙམ་སླེབས་ཡོང་དུས་དབུ་མ་རྩ་བ་ཤེས་རབ་དང་དབུ་མ་འཇུག་པ་གཉིས་ཧ་ཅང་རྩ་ཆེན་པོ་རེད་འདུག
དབུ་མ་འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་པའི་ཤོ་ལོ་ཀ་དེ་བཏོན་ནས་སྟོང་ཉིད་སྐོར་བསམ་བློ་གཏོང་གི་ཡོད། དེ་བཞིན་སྤྱོད་འཇུག་ལས། འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་པས་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད། གང་ལྟར་སྟོང་ཉིད་ཀྱི་སེམས་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེས་སེམས་ལ་ཞི་བདེ་ཧ་ཅང་སླེབ་ཀྱི་འདུག སེམས་ལ་ཞི་བདེ་སླེབས་པའི་རྒྱུ་རྐྱེན་གྱི་ཐོག་ནས་འབྱུང་བ་འཁྲུག་པ་མིན་པར་ལུས་བདེ་པོ་ཆགས་ཀྱི་ཡོད། དེར་བརྟེན་འཕྲོད་བསྟེན་སླད་སྨན་བཟའ་རྒྱུ་རིགས་ཡོད་གི་རེད། གཙོ་བོ་སེམས་ཞི་བདེ་བྱུང་བ་ཡིན་ན་ལུས་པོའི་འཕྲོད་བསྟེན་ཡག་ཤོས་དེ་རེད་འདུག ཤེས་སོང་ངམ།ཕྲུ་གུ་ཚོས་སེམས་ཀྱི་ཞི་བདེ་དེ་བསྒྲུབ་དགོས། སེམས་ཀྱི་ཞི་བདེ་ལ་དོ་སྣང་བྱ་དགོས། ངོས་ཀྱིས་རྩེད་མོ་དང་འབྲེལ་ནས་བཤད་ན། ཁྱེད་རང་ཚོ་རྣམ་པ་ཕྲན་བུ་ཡག་པོ་ཡོད་ནའང་། ཁོང་ཁྲོ་ལངས་ནས་བསྡད་ན་རྣམ་པ་ཡག་པོ་མཐོང་གི་མ་རེད། རྣམ་པ་ཡག་པོའི་ཐོག་འཛུམ་མདངས་སྟོན་ན་སྙིང་རྗེ་མོ་འདུག དེར་བརྟེན་མི་ཟེར་རྒྱུ་དེ་སྤྱི་ཚོགས་ཤིག་རེད། དེའི་ནང་ལ་སེམས་པ་བཟང་པོ་དང་། གཞན་ལ་ཕན་སེམས་བྱས་ནས་བསྡད་པ་ཡིན་ན། སོ་སོ་སྐྱིད་པ། རོགས་པ་ཚོ་སྐྱིད་པ། གང་ལྟར་སེམས་བསྐྱེད་བཟང་པོ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཁྱེད་རང་ཚོས་ངོས་ཀྱི་གདོང་ག་དུས་མཐོང་ན་འཛུམ་མུལ་མུལ་མ་གཏོགས་རླུང་ལངས་པའི་གདོང་མཐོང་མྱོང་ངམ། ཞེས་བཀའ་སློབ་སྩལ་རྗེས་ཁྱེད་རང་ཚོས་མ་ཎི་གསོག་དགོས་པའི་བཀའ་སློབ་སྩལ་རྗེས་མགོན་པོ་མཆོག་གིས་སྒྲུབ་གཞག་མཛད།
དེ་ནས་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། སྤྱིར་ང་ཚོ་ཚང་མའི་སེམས་རྒྱུད་ལ་བརྩེ་བ་ཡོད་པ་རེད། བྱ་དང་བྱིའུ་ལའང་བརྩེ་བ་འདུག ང་ཚོའི་བརྩེ་བ་འདི་མཐའ་མེད་པ་ཞིག་དང་། ལྷག་པར་སོ་སོར་གནོད་པ་བྱེད་མཁན་གྱི་དགྲ་ལའང་བརྩེ་བ་དགོས། མདོར་ན་འཛམ་གླིང་འདིའི་སྟེང་སྲོག་ཆགས་ཇི་ཡོད་ཚང་མར་བརྩེ་བའི་བློ་བསྒོམ་རྒྱུ་དེ་ཞེ་དྲགས་རེད་འདུག སེམས་ལ་དངོས་འབྲེལ་བརྩེ་བ་ཡོད་ན་གང་དུ་ཕྱིན་པ་ཡིན་ནའང་བདེ་སྐྱིད་ཀྱི་ཚོར་སྣང་ཡོང་བ་དང་།སེམས་ནང་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་སོགས་ཡོད་ན་ཕྱིའི་མཐུན་རྐྱེན་ཇི་ཙམ་བཟང་པོ་ཡོད་ནའང་སྐྱིད་པོ་ཡོང་ཐབས་མེད། སེམས་སྐྱིད་པོ་ཡོང་རྒྱུའི་ཐབས་ཤེས་གཙོ་བོ་ནི་སེམས་པ་བཟང་པོ་བྱེད་རྒྱུ་དེ་རེད་འདུགང་ཚོར་མི་ལུས་ཐོབ་ཡོད། མི་ཙམ་དུ་མ་ཟད་སྲོག་ཆགས་ཕལ་ཆེ་བ་སྐྱེས་པ་ཉིད་ནས་མའི་བརྩེ་བས་བསྐྱངས་འདུག སྐྱེས་མ་ཐག་ནས་མའི་བརྩེ་བ་དེ་མེད་ན་མགོ་ཐོན་གྱི་མ་རེད། དེར་བརྟེན་བརྩེ་བ་ཟེར་རྒྱུ་ནི་མི་ཚེ་ཐོག་མ་འགོ་བཙུགས་པའི་སྐབས་ནས་ཨ་མས་བརྩེ་བའི་ཐོག་ནས་མི་ཚེ་འགོ་བཙུགས་པ་རེད། དངོས་གནས་བྱས་ན་མི་ལ་རང་བཞིན་ལྷན་སྐྱེས་ཀྱིས་འཛུམ་མུལ་མུལ་བྱས་ན་དགའ་པོ་ཡོང་རྒྱུ་དང་། ཁྲོ་བའི་གདོང་བསྟན་ན་མ་སྐྱིད་པ་ཡོང་བཞིན་ཡོད། མི་ལ་བརྩེ་བ་ཟེར་རྒྱུ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། རང་སེམས་སྐྱིད་པ། རོགས་སྐྱིད་པ། བརྩེ་བའི་ལྡོག་ཕྱོགས་ཁོང་ཁྲོ་ནི་སོ་སོའི་སེམས་འཁྲུག རོགས་པའི་སེམས་མ་སྐྱིད་པ་བཟོས། མདོར་ན་བྱ་དང་རི་དྭགས་དེ་ཚོའི་གྲས་ལ་བརྩེ་བ་བྱས་ན་ཚུར་དགའ་པོ་བྱེད་ཀྱི་འདུག དཔེར་ན་ཁྱི་ཞིག་ལ་བརྩེ་བ་བྱས་ན་མཇུག་མ་གཡུག་ནས་དགའ་པོ་བྱེད་ཀྱི་འདུག དུད་འགྲོ་ཡིན་ནའང་བརྩ་ེབར་དགའ་པོ་བྱེད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་བདེ་སྐྱིད་ནི་བརྩེ་བ་ལ་བརྟེན་ནས་ཡོང་གི་འདུག དམག་འཁྲུག་སོགས་མ་སྐྱིད་པ་ཡོངས་རྫོགས་བྱམས་བརྩེས་ཕོངས་ནས་ཕྲག་དོག་དང་འགྲན་སེམས་སོགས་ཀྱི་ཐོག་ནས་འཛམ་གླིང་འཁྲུག་པ་བརྒྱབ་རྒྱུ་དེ་ཚོའི་གྲས་ཡོང་བཞིན་ཡོད། དེར་བརྟེན་བརྩེ་བ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། ཧ་ཅང་གལ་ཆེན་པོ་རེད། འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་རང་གཟུགས་རེད། དེར་བརྟེན་དུས་ད་ནས་བཟུང་ཁོང་ཁྲོ་ནི་སོ་སོའི་དགྲ་རུ་བརྩིས་ཏེ་དང་དུ་མ་བླངས་པ་དང་། བརྩེ་བ་ཟེར་རྒྱུ་དེ་མི་ཚེ་འདི་ལ་སྐྱིད་པ་དང་། ཚེ་ཕྱི་མ་ལའང་སྐྱིད་པ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་བཅས་བརྩེ་བས་ཡོང་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།