༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༠༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་སྔ་ཡིན་ན་བོད་ལ་དཔེ་ཆ་ལྟ་མཁན་ཚོས་ཉུང་མཐར་ལོ་ ༣༠ ཙམ་རིང་དཔེ་ཆ་ལྟ་གི་ཡོད་པ་རེད། དེང་སྐབས་ང་ཚོ་རྒྱ་གར་དུ་སླེབས་ཡོད་དུས་བོད་ཀྱི་མཁས་པ་ནང་བཞིན་གཏིང་ཟབ་པོ་ཡོད་པ་ཧ་ལམ་མི་འདུག ནང་པའི་ལུང་པ་མང་པོ་ཡོད་ནའང་སྐད་ཆ་བཤད་བགྲོ་གླེང་བྱེད་པའི་སྐབས་བོད་པའི་ནང་པ་ཚོས་ལོ་མང་པོར་དཔེ་ཆ་སྦྱངས་ཡོད་སྟབས། གཞན་དང་མི་འདྲ་བ་ཞིག་འདུག ངོས་ཀྱང་ལོ་ ༦ དང་ ༧ ནས་བློ་རིགས་རྟགས་རིགས་སོགས་བལྟས། དེ་ནས་ལོ་བཅུ་གྲངས་ནས་རྟགས་གསལ་བསླབས་པ་རེད། དེ་དུས་རྩེད་མོ་རྩེ་རྒྱུ་མ་གཏོགས་དཔེ་ཆ་བསླབ་རྒྱུར་དོ་སྣང་གང་ཡང་མེད། དེ་ནས་རིམ་བཞིན་བལྟ་ཡོང་དུས་དེ་སྔ་དཔེ་ཆ་བསླབ་པ་དེ་དག་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག རྐང་དཔེ་ཆ་འཁྲིད་མཁན་དེ་གླིང་རིན་པོ་ཆེ་རེད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།ང་ཚོ་བོད་ལ་སློབ་སྦྱོང་གཏིང་ཟབ་པོ་དེ་འདྲ་ཞིག་ཡོད་པ་འདི་ཕལ་ཆེར་འཛམ་གླིང་གི་ལུང་པ་གང་སར་ཧ་ལམ་མེད་པའི་བཟོ་ལྟ་བུ་རེད། བོད་གཅིག་པུ་རེད་འདུག དེ་རིང་ཁ་སང་ཡིན་ནའང་ང་ཚོ་བཙན་བྱོལ་བ་རེད། གདན་ས་ཚོ་རྒྱ་གར་ལྷོ་ཕྱོགས་ལ་ཚུགས་ཡོད། དཔེ་ཆ་བལྟ་རྒྱུ་དེ་དག་ཧ་ཅང་ཡག་པོ་འདུག དེར་བརྟེན་དེང་སྐབས་ཚན་རིག་པའི་ནང་སེམས་ཁམས་རིག་པའི་སྐོར་བཤད་དུས། བོད་ཀྱི་མཁས་པ་ལ་གཏུག་རྒྱུར་ཧ་ཅང་དགའ་མོས་བྱེད་ཀྱི་འདུག སེམས་ཁམས་རིག་པའི་སྐོར་ང་ཚོས་བཤད་པ་ནང་བཞིན་པཱ་ལིའི་གཞུང་སོགས་ཀྱི་ནང་མེད། གང་ལྟར་ང་ཚོའི་བོད་ཡིག་གི་གཞུང་དེ་དག་ཧ་ཅང་ཡག་པོ་རེད་འདུག ངོས་ཀྱི་རྩེད་མོ་རྩེ་གིན་རྩེ་གིན་དཔེ་ཆ་ཏོག་ཙམ་ཏོག་ཙམ་བཀླགས། དེ་ནས་རྒན་དངོས་གྲུབ་ཚོགས་གཉིས་གཙོ་བོར་གྱུར་བའི་མཚན་ཞབས་ཚོས་རྟགས་གསལ་ཕྲན་བུ་བཏང་། ངོས་ཀྱིས་དཔེ་ཆ་ཏོག་ཙམ་ཤེས་རྒྱུ་དེ་ལྟར་བྱས་ནས་བྱུང་བ་རེད། མཚན་ཞབས་ཚོའི་ཁོངས་བློ་གསལ་གླིང་གི་མཚན་ཞབས་དང་སྒོ་མང་མཚན་ཞབས། བདེ་ཡངས་མཚན་ཞབས། དེ་ནས་སེ་ར་བྱེས་ཀྱི་མཚན་ཞབས་དང་སེ་ར་སྨད་ཀྱི་མཚན་ཞབས། དེ་ནས་དགའ་ལྡན་ཤར་བྱང་གི་མཚན་ཞབས་བཅས་མཚན་ཞབས་བདུན་བརྒྱད་ཡོད་པ་རེད། དེའི་ནང་ནས་བདེ་ཡངས་མཚན་ཞབས་དཔེ་ཆ་ཕྲན་བུ་སྐྱོ་གི་རེད། བདེ་ཡངས་མཚན་ཞབས་ལ་མགོ་སྐོར་ཕྲན་བུ་བཏང་། རྟགས་གསལ་རིགས་པ་ཏོག་ཙམ་བཏང་ནས་ངོས་རང་ཐོབ་ཀྱི་ཡོད། དེར་བརྟེན་ང་སྐྱིད་པོ་ཡོད་པ་རེད། ངོས་ལ་རྟགས་གསལ་སློབ་མཁན་དངོས་གྲུབ་ཚོགས་གཉིས་གཙོ་བོ་རེད། ངོས་རང་གྲྭ་སྐོར་ཕྱིན་པའི་སྐབས་རྟགས་གསལ་དེ་ལྟར་གཏོང་ན་ཡག་པོ་འདུག་ཅེས་གཞུང་གི་ཚིག་རྣམས་མར་བཀོད་ནས་རྟགས་གསལ་བསླབས་པ་རེད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།དེ་ནས་ལྷ་སའི་སྨོན་ལམ་གྱི་དམ་བཅའ་བཞག་པ་རེད། གང་ལྟར་ངོས་རང་དགེ་བཤེས་ཤིག་ཆགས་ཡོད། དེར་བརྟེན་དེའི་ཐུགས་རྗེ་བཀའ་དྲིན་གྱིས་སེམས་ཁམས་རིག་པའི་སྐོར་དང་ཚན་རིག་སོགས་རིགས་པས་བརྟག་དཔྱད་བྱ་རྒྱུ་སྐོར་བཤད་དུས་ངོས་ཀྱི་ཀླད་པ་དེ་སྐྱོ་པོ་ཁྱོན་ནས་མི་འདུག སློབ་སྦྱོང་བྱས་པ་ཡིན་སྟབས་ཁྱད་པར་ཆེན་པོ་འདུག རྙོག་དྲ་ཚ་པོའི་སྐོར་དེ་འདྲ་སླེབ་དུས་སྐྱབས་སུ་མཆི་ཟེར་ནས་བསྡད་རྒྱུ་མིན་པར་བསམ་བློ་བཏང་སྟེ་རྒྱུ་མཚན་བཀོད་ནས་བཤད་རྒྱུ་དེ་ངོས་རང་གང་ཙམ་ཡོད་པ་རེད།
བོད་པའི་ཕྲུ་གུ་ཚོས་ངེས་པར་དུ་གྲྭ་པ་བྱེད་དགོས་ཀྱི་མ་རེད། སྐྱ་སེར་ཁྱད་པར་མེད་པར་དཔེ་ཆ་ཏོག་ཙམ་ལྟོས། ང་ཚོ་སྟོན་པའི་རྗེས་འབྲང་རེད། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སློབ་མ་ཆགས་ཡོད་པར་བརྟེན་ང་ཚོས་དཔེ་ཆ་བལྟ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག དཔེ་ཆར་བལྟ་བར་གྲྭ་པ་བྱེད་དགོས་ཀྱི་མ་རེད། སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་དཔེ་ཆ་སྐོར་ལ་མང་ཙམ་ལྟོས། ང་ཚོར་ལྟ་གྲུབ་དགེ་རྒན་ཡོད་པ་རེད། ལྟ་གྲུབ་དགེ་རྒན་ཚོས་དཔེ་ཆ་ཧུར་ཐག་འཁྲིད་དགོས། ང་ཚོ་བོད་པར་བོད་ཡིག་ཡོད་པར་བརྟེན་བོད་པའི་སློབ་གྲྭ་ཁག་གི་ནང་བོད་སྐད་ངེས་པར་དུ་སློབ་དགོས་ཀྱི་འདུག་ཅེས་ངོས་ཀྱིས་ནེཧ་རུ་ལ་ཞུས་པ་རེད། ནེ་རུས་རྒྱབ་སྐྱོར་གཙང་མ་གནང་བྱུང་། དེ་ནས་ཤེས་རིག་བློན་ཆེན་ཤྲི་མ་ལི་ (K. L. Shrimali) ཡོད་པ་རེད། བོད་པའི་ཕྲུ་གུ་ཚོར་བོད་ཡིག་ངེས་པར་དུ་སློབ་དགོས་ཞེས་ནེཧ་རུས་གསལ་པོ་གསུངས་སོང་།ང་ཚོ་བོད་པའི་མི་རིགས་འདི་ཆོས་རྒྱལ་ཚོའི་སྐབས་ནས་མར་བསམ་བློ་བཏང་ན་མི་རིགས་འདི་རླབས་ཆེན་ཞིག་རེད་འདུག དགེ་བཤེས་དེ་དག་གིས་དཔེ་ཆ་བལྟས་ཏེ་ཧ་ལས་པའི་མཁས་པ་རེད། ངོས་ཀྱང་དགེ་བཤེས་ཤིག་ཡིན་པའི་སྐད་ཆ་རེད། དེ་ལྟར་ང་ཚོ་བོད་ཀྱི་རིག་གཞུང་དང་། གཙོ་བོ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་སྐོར་དང་འབྲེལ་ནས་ཚན་རིག་སོགས་གང་སར་རིགས་པས་དཔྱད་པ་བྱ་རྒྱུ་ཞིག་ང་ཚོར་ཡོང་གི་ཡོད་པ་རེད། དེར་བརྟེན་ཚན་རིག་པ་མཁས་པ་མང་པོས་ངོས་ལ་ཐུག་གི་ཡོད་པ་རེད། ང་ཚོས་རིགས་པའི་ཐོག་ནས་དཔྱད་ཡོང་དུས་འགལ་འདུ་དེ་འདྲ་ཡོང་དུས་ཁོ་ཚོར་འདི་ཡིན་ན་དེ་ཡིན་དགོས་པ་རེད་ཅེས་བརྗོད་དུས་ཁ་ཁུ་སིམ་པོ་སྡོད་ཀྱི་འདུག ང་ཚོའི་རིགས་པ་དེ་ཞེ་པོ་རེད་འདུག མཚན་ཉིད་བསླབ་རྒྱུ་དེ་ཞེ་པོ་རེད་འདུག དེར་བརྟེན་ང་ཚོའི་བོད་པའི་ཕྲུ་གུ་ཚོས་ཚད་མ་རིག་པའི་འགྲོ་སྟངས་དེར་ངེས་པར་དུ་དོ་སྣང་བྱེད་དགོས། ཤེས་སོང་ངམ།རིགས་ལམ་ཐོག་ནས་སྐད་ཆ་ཤོད་རྒྱུ་དེ་ཆོས་དད་ཀྱི་སྐད་ཆ་མ་རེད། ཆོས་དད་མེད་མཁན་ཞིག་ཡིན་ནའང་འདི་དག་བཤད་དགོས་པ་ཞིག་རེད་འདུག སོ་སོའི་མི་ཚེ་སྐྱེལ་རྒྱུ་དང་ལས་ཀ་བྱེད་རྒྱུ་སོགས་ཀྱི་ཐོག་ལ་མཚན་ཉིད་པའི་རིགས་པ་ཧ་ཅང་ཕན་ཐོགས་ཡོད་པ་རེད། འདི་ཁྱེད་རང་ཚོའི་སེམས་ནང་ངེས་པ་བྱོས་ཨང། ཤེས་སོང་ངམ། ཆོས་པ་དང་ནང་པ་ངེས་པར་དུ་ཡིན་དགོས་ཀྱི་མ་རེད། གང་ལྟར་ཆོས་མེད་མཁན་ཞིག་ཡིན་ནའང་རིགས་ལམ་གྱི་འགྲོ་སྟངས་དེ་དག་བསླབ་པ་ཡིན་ན་ཧ་ཅང་ཕན་ཐོགས་ཡོད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །