༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༤ ཉིན་དཔལ་ལྡན་བཀའ་ཤག་ནས་ཕྱི་རྒྱལ་སྐུ་ཚབ་དོན་ཁང་ཁག་ཏུ་རྒྱ་རིགས་འབྲེལ་མཐུད་པ་དང་། ལྟ་གྲུབ་དགེ་རྒན་བསྐོ་གཞག་བྱེད་ཕྱོགས་ཀྱི་རྩ་འཛིན་གཏན་འབེབས་གནང་བའི་དགོངས་དོན་ལྟར། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་གཅོད་ལས་ཁུངས་སུ་སྡེ་འགན་གནས་རིམ་ཐོག་ལྟ་གྲུབ་དགེ་རྒན་ཞིག་དང་། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་རྒྱ་རིགས་འབྲེལ་མཐུད་པ་ཞིག་བསྐོ་གཏོང་གནང་རྒྱུའི་འོས་ཆོས་གཤམ་གསལ་ལྟར་ཏེ།
ཀ༽ སྤྱི་ཡོངས་འོས་ཆོས།
༡། སྙན་ཞུ་འབུལ་སྐབས་རང་ལོ་ ༥༦ ལས་མ་བརྒལ་བ།
༢། དང་བླངས་དཔྱ་དངུལ་འབུལ་ཆད་མེད་པ།
༣། རྒྱ་གར་རམ་གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཡོད་པ།
༤། སྨན་ཁང་ཚད་ལྡན་ཞིག་ནས་གཟུགས་བབ་ལས་འཕེར་ཡིན་པའི་ངོས་སྦྱོར་ཡོད་པ།
༥། ས་གནས་འགོ་འཛིན་ནམ་སྐུ་ཚབ་དོན་གཅོད་གང་རུང་ནས། དོ་བདག་གིས་བཟང་སྤྱོད་དང་འགལ་བའི་ནག་ཉེས་བྱས་པར་ཁྲིམས་ཁང་ནས་ཉེས་ཆད་ཕོག་མྱོང་མེད་པ་དང་། ཀུན་སྤྱོད་དག་གཙང་ཡོད་པའི་ངོས་སྦྱོར་ཡོད་པ།
༦། བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་གཏོགས་དང་བཅས་པའི་སྒྲིག་ཁོངས་ནས་གནས་དབྱུང་བཏང་བ་མ་ཡིན་པ།
༧། སྲིད་དོན་ཚོགས་པ་གང་རུང་གི་ཚོགས་མི་མ་ཡིན་པ།
ཁ་༡༽ བྱེ་བྲག་ལྟ་གྲུབ་དགེ་རྒན་གྱི་འོས་ཆོས།
༡་༡། རབ་བྱུང་གི་རྟེན་ཅན་ཡིན་པ།
༡་༢། བོད་ཀྱི་རིས་མེད་ཆོས་སྡེ་ཁག་གི་བཤད་གྲྭ་གང་རུང་དུ་བོད་ཀྱི་སྐད་ཡིག་དང་རྨང་གཞིའི་སློབ་གཉེར་རིམ་པ་སྔོན་སོང་ཐོག བོད་ཀྱི་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་ཉུང་མཐར་ལོ་ ༩ རིང་སློབ་གཉེར་མཐར་ཕྱིན་བྱས་པའི་སློབ་ཐོན་ལག་འཁྱེར་ཡོད་པའམ། གཞི་རིམ་འཛིན་གྲྭ་བརྒྱད་པའམ་དེ་ཡན་ཐོན་པའི་རྗེས་སུ་ངོས་འཛིན་ཡོད་པའི་བོད་ཀྱི་སྲོལ་རྒྱུན་མཐོ་རིམ་སློབ་ཁང་གང་རུང་དུ་ཉུང་མཐར་ལོ་ ༩ རིང་བོད་ཀྱི་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་བྱས་པའི་སློབ་ཐོན་ལག་འཁྱེར་ཡོད་པ།
༡་༣། དགོན་སྡེ་གྲྭ་ཚང་དང་བཤད་གྲྭ་གང་རུང་ནང་གཞུང་ཆེན་སློབ་འཁྲིད་ལོ་གསུམ་མམ། བོད་མིའི་སློབ་གྲྭ་ཁག་ཏུ་ཆོས་དགེ་ལོ་ལྔ་གནང་མྱོང་ཡོད་པ།༡་༤། ནང་པའི་ལྟ་གྲུབ་འཆད་ཁྲིད་ཐུབ་པའི་གནས་ཡུལ་རྒྱལ་ཁབ་དེའི་སྐད་དམ་ཨིན་སྐད་གང་རུང་ཚད་འཕེར་ཡོད་པ།
ཁ་༢༽ བྱེ་བྲག་རྒྱ་རིགས་འབྲེལ་མཐུད་པའི་འོས་ཆོས།
༢་༡། རྒྱའི་སྐད་ཡིག་གི་ཤེས་ཡོན་ཚད་འཕེར་ཡོད་པ།
༢་༢། བོད་ཡིག་གི་ཤེས་ཚད་རང་རྐྱ་འཕེར་བ་དགོས།
ག༽ ཆ་རྐྱེན་གཞན།
༡། འོས་ཆོས་ལྡན་པ་གཅིག་ལས་མེད་ཚེ་འདེམས་རྒྱུགས་ལེན་མ་དགོས་པ་དང་།
༢། ཐའེ་ཝན་ཕུད། རྒྱ་རིགས་འབྲེལ་མཐུད་པའི་འཚང་རྒྱུགས་སུ་ཞུགས་མཁན་ལས་ཡུལ་རྒྱལ་ཁབ་དེའི་སྐད་ཡིག་ཤེས་མཁན་ལ་དམིགས་བསལ་ཨང་ཀི་ ༥ རེ་སྤྲོད་ཆོག
༣། རྒྱུགས་འབྲས་ཨང་ཐོབ་འདྲ་མཉམ་བྱུང་ན་ཉམས་མྱོང་མང་བ་དེ་དང་། དེའང་གཅིག་མཚུངས་ཡིན་ཚེ་རང་ལོ་རྒན་པ་དེ་འདེམས་སྒྲུག་བྱ་རྒྱུ།
གོང་འཁོད་ས་དམིགས་སོ་སོར་ཞབས་ཞུ་སྒྲུབ་འདོད་ཡོད་པ་རྣམས་ཀྱིས་དགོས་ངེས་ལག་འཁྱེར་ཚང་མར་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་གང་རུང་ནས་དག་མཆན་ཞུས་ཏེ། [email protected] ཞེས་པའི་གློག་འཕྲིན་ཁ་བྱང་ཐོག་མཉམ་སྦྱར་ཞུས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༤ ཕྱི་དྲོ་ཕྱག་ཚོད་ ༥ པ་འགྱངས་མེད་ཕུལ་འབྱོར་དགོས། འཚང་སྙན་དུས་ཐོག་མ་འབྱོར་ཚེ་ངོས་ལེན་ཞུ་རྒྱུ་མིན་པ་བཅས་དེ་དོན་དགོངས་འཇགས་ཞུ། འདེམས་སྒྲུག་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༠ ལ།།