༄༅། །སོག་ཡུལ་གནས་འཁོད་དགའ་ལྡན་ཐེག་ཆེན་གླིང་དགོན་པ་དང་དཱི་ལུ་ཝ་ཧ་ཏུག་ཏུ་ཚོགས་པ་(Diluva Hutugtu Foundation) གཉིས་ཀྱིས་སོག་ཡུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འདུག
དེ་ཡང་སྐུ་པར་འགྲེམས་སྟོན་དེ་བཞིན་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཏེ་ས་ག་ཟླ་བའི་དུས་ཆེན་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སླད་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ཅིང་། འགྲེམས་སྟོན་དེའི་བརྗོད་བྱ་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཕྲ་བའི་དུས་སྐབས་དང་། ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ། བཙན་བྱོལ་དུ་མཛད་པ་འཕྲིན་ལས་རྒྱས་ཚུལ་སོགས་གསལ་སྟོན་གནང་ཡོད།རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་གིས་སྐུ་པར་འགྲེམས་སྟོན་དབུ་འབྱེད་གནང་བ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རང་ཉིད་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་ཞེས་ངོ་སྤྲོད་གནང་གི་ཡོད། འོན་ཀྱང་རྒྱལ་སྤྱིའི་མི་མང་ལ་མགོན་པོ་གང་ཉིད་མཆོག་དགེ་སློང་དཀྱུས་མ་ཞིག་ལས་ལྷག་པ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ལྟ་གྲུབ་སྨྲ་བ་དང་། ཞི་བདེ་དོན་གཉེར་བ། ཚན་རིག་པ་ཡིན། ཞེས་དང་། སོག་ཡུལ་དད་ལྡན་མི་མང་སྟོང་ཕྲག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཡིད་ཆེས་རྩེ་གཅིག་ཏུ་ཞུ་ཡི་ཡོད་ནའང་། མི་མང་པོ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་དང་། ཚན་རིག འགྲོ་བ་མིའི་རིགས་ཀྱི་སླད་དུ་ཞབས་འདེགས་གང་བསྒྲུབས་མཛད་ཡོད་མེད་སྐོར་ཤེས་ཀྱི་མེད། ཐེངས་འདིའི་སྐུ་པར་འགྲེམས་སྟོན་འདི་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་སྐོར་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་རྟོགས་ཐུབ་ངེས་རེད། ཅེས་གསུངས།གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ནུ་མོན་ཁཱན་(Khambo Nomun Khan) ལགས་ཀྱང་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སོག་ཡུལ་མི་མང་བར་གྱི་འབྲེལ་ལམ་སྐོར་གསུང་བཤད་གནང་བ་དང་། དེ་བཞིན་དགེ་འདུན་པ་མུག་བྷ་ཊར་(Mukhbataar) ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཚན་རིག་པ་བར་གྱི་བགྲོ་གླེང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཚན་རིག་པ་དང་ནང་པའི་མཁས་པ་མཉམ་སྦྲེལ་གྱིས་ཚན་རིག་ལས་གཞི་ཇི་བརྩམས་ཡོད་སྐོར་གསུང་བཤད་གནང་འདུག
དབུ་འབྱེད་མཛད་སྒོར་རྒྱ་གར་དང་ཨ་རིའི་གཞུང་ཚབ་ཁང་གི་གནད་ཡོད་མི་སྣ་དང་། ཤེས་ཡོན་པ། སྒྱུ་རྩལ་བ། གསར་འགོད་པ་སོགས་མཉམ་ཞུགས་གནང་འདུག་ཅིང་། ཐེངས་འདིའི་སྐུ་པར་འགྲེམས་སྟོན་དེ་བཞིན་མུ་མཐུད་ས་ག་ཟླ་བའི་ཚེས་བཅོ་ལྔ་བར་འགྲེམས་སྟོན་གནང་རྒྱུ་ཡིན་པ་རེད། མཐར་སོག་ཡུལ་གྱི་གཞས་པ་གྲགས་ཅན་ཨ་ཏུན་བྷ་ཊར་(AriunBataar) ལགས་དང་། དོལ་གར་(Dolgor) ལགས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་གཞས་རེ་འབུལ་ལམ་ཞུས་ཏེ་མཛད་སྒོ་ལེགས་པར་གྲོལ་འདུག་པ་བཅས།།