༄༅། །སུད་སིའི་དབྱར་ཁའི་གྲོས་ཚོགས་འཚོག་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༧ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ལས་བྱེད་སྐལ་ལྡན་མཚོ་མོ་ལགས། ལས་བྱེད་བསྟན་འཛིན་ཆོས་བཟང་ལགས། དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་བྷེ་ཊི་ན་ཨེ་ཀར་ཊི་(Bettina Eckert) ལགས་བཅས་ནས་སུད་སིའི་གྲོས་ཚོགས་ཁང་དུ་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་ཀྱིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ད་བར་བོད་དོན་སླད་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གསོལ་སྟོན་སྟབས་བདེ་ཞིག་གོ་སྒྲིག་ཞུས་གནང་ཡོད།
སྐབས་དེར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ནི་ཀོ་ལ་ས་ཝལ་ཊར་ (Nicholas Walder) ལགས་ཀྱིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མུ་མཐུད་གཞིས་བྱེས་བོད་མིའི་གནས་སྟངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བྱེས་བཞུགས་བོད་མི་རྣམས་ལའང་སུན་གཙེར་བྱེད་བཞིན་ཡོད་པས་གཞིས་བྱེས་བོད་མི་རྣམས་ལ་སྔར་ལས་ལྷག་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད། སྐུ་ཞབས་ནི་ཀོ་ལ་ས་ཝལ་ཊར་ལགས་དང་ལྷན་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་སུད་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་པི་རི་སི་ཀ་བྷི་རེར་(Prisca Birrer) ལགས་དང་ལྕམ་སྐུ་བྷར་བྷ་ར་གི་སི་ (Barbara Gysi) ལགས་བཅས་ཕེབས་ཡོད།སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ད་བར་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་སུད་སིའི་གྲོས་ཚོགས་ནང་གླེང་སློང་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་སུད་སིའི་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་སླད་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། སུད་སིའི་དབྱར་ཁའི་གྲོས་ཚོགས་ཀྱི་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༣༠ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༡༨ བར་འཚོག་གཏན་ཁེལ་ཡོད་པ་བཅས།།