༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་རྡ་ས་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཐུ་མི་ཚོགས་ཁང་དུ་དགེ་རྒན་རྣམས་ལ་དམིགས་ཏེ་འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་དང་། ཁྱད་སྟོན་མི་སྣ་འབུམ་རམས་པ་གྷོ་རངྒ་ཏི་ཝ་རི་ (Dr. Gaurang Tiwari) ལགས་དང་། འབུམ་རམས་པ་མཱམ་ཏཱ་ཨས་ཝཱལ་ (Dr. Mamta Aswal) ལགས། འབུམ་རམས་པ་བྷས་ཀཱར་ཅོ་ངྷི་རི་ (Dr. Bhaskar Chaudhary) ལགས་བཅས་ནས་ཟབ་སྦྱོང་གནང་ཡོད།
དེ་ཡང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཕྱི་ཚེས་ ༢༣ ཉིན་ཟབ་སྦྱོང་མཇུག་སྡོམ་མཛད་སྒོར་ཆེད་ཕེབས་ཀྱིས་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་དགོས་པའི་གལ་གནད་དང་། དགེ་རྒན་རྣམ་པས་སློབ་གྲྭའི་ནང་སློབ་ཕྲུག་རྣམས་ལ་ཡི་གེ་འབྲི་ཀློག་གི་གོམས་གཤིས་དང་དཔྱད་ཞིབ་བསམ་བློ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་རྐང་བཙུགས་ནས་བོད་མིའི་རིག་གཞུང་དང་སྐད་ཡིག་རྩ་བརླག་ཏུ་གཏོང་བཞིན་ཡོད་སྟབས། བཙན་བྱོལ་དུ་ཡོད་པའི་དགེ་རྒན་རྣམ་པས་དམིགས་བསལ་གྱིས་བོད་པའི་སྐད་ཡིག་ཡར་རྒྱས་གོང་འཕེལ་ཆེད་དུ་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད།གཞན་ཡང་ཁོང་གིས་དགེ་རྒན་རྣམ་པས་སྐུ་ངལ་འཛེམས་མེད་ཀྱིས་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་བཞིན་པར་རྗེས་སུ་ཡི་རང་དང་། སློབ་གྲྭའི་ཤེས་ཡོན་གྱི་སྤུས་ཀ་གོང་འཕེལ་དུ་འགྲོ་བར་དགེ་རྒན་རྣམ་པས་མུ་མཐུད་ཧུར་ཐག་འབད་ཐག་གིས་སློབ་ཁྲིད་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།
དགེ་རྒན་རྣམ་པས་ཀྱང་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་ལྷུག་པོ་གསུངས་ཡོད། ཁྱད་སྟོན་མི་སྣ་འབུམ་རམས་པ་གྷོ་རངྒ་ཏི་ཝ་རི་ (Dr. Gaurang Tiwari) ལགས་ཀྱིས་ཤེས་རིག་ལས་ཁུངས་དང་ལྷན་དུ་མཉམ་ལས་གནང་བའི་ཉམས་མྱོང་དང་། འབྱུང་འགྱུར་མུ་མཐུད་ཤེས་རིག་ལས་ཁུངས་དང་ལྷན་དུ་ཤེས་ཡོན་གྱི་སྦྱོང་བརྡར་དང་ལས་གཞི་གཞན་ཁག་གི་ཐོག་ལའང་མཉམ་ལས་གནང་ཐུབ་པའི་རེ་འདུན་བཏོན་གནང་ཡོད། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས་མཉམ་ཞུགས་གནང་མཁན་ཡོངས་ནས་སློབ་གྲྭར་ལོག་རྗེས་སོ་སོའི་ལས་རོགས་རྣམ་པ་དང་ལྷན་དུ་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་གནང་དགོས་པ་སོགས་ཀྱི་སྐོར་གསུངས།ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༢ ནས་ ༢༥ བར་སྦེལ་ཀོབ་སློབ་གྲྭའི་དགེ་རྒན་རྣམས་ལའང་གོང་མཚུངས་ལྟར་ཟབ་སྦྱོང་གནང་གཏན་ཁེལ་ཡོད། ཨ་རིའི་རོགས་ཚོགས་ (USAID) ནས་ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་གི་འགྲོ་གྲོན་སླད་མཐུན་འགྱུར་གནང་ཡོད་པ་བཅས།།