༄༅། །རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐུན་ཐེངས་ལྔ་བཅུ་པ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༣ ནས་ཟླ་བ་ ༠༧ ཚེས་ ༠༨ བར་འཚོག་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ཚོར་བོད་ཡིག་ཐོག་སློབ་སྦྱོང་བྱ་རྒྱུའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཐད་གླེང་སློང་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༤ ཉིན་རྒྱལ་ཚོགས་ཀྱི་ཤེས་ཡོན་ཐད་ཀྱི་དམིགས་བསལ་སྙན་སེང་བ་སྐུ་ཞབས་ཀུམ་བའོ་བྷོ་ལི་བྷེ་རི་ (Koumbou Boly Barry) ལགས་ཀྱིས་སྙན་ཐོ་སྒྲོགས་སྦྱང་གནང་སྐབས་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་སྐད་དང་བོད་ཀྱི་རིག་གཞུང་གཞི་རྩར་བཞག་ནས་བོད་ཕྲུག་རྣམས་ལ་ཤེས་ཡོན་སྤྲད་རྒྱུར་བཀག་སྡོམ་བྱས་ཏེ་བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པའི་སྐོར་གཏམ་བཤད་གནང་། སྐབས་དེར་ཁོང་མོས་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ (Society for Threatened Peoples) ཞེས་པའི་གཞུང་ཁོངས་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚབ་ཞུས་ཏེ། སྲིད་འཛིན་ཞི་ཅིང་ཕིན་གྱི་རྒྱ་རིགས་གཙོ་གྱུར་གྱི་ཤེས་ཡོན་སློབ་གསོའི་ལས་འགུལ་འོག་བོད་མི་གཞོན་སྐྱེས་རྣམས་དམིགས་ས་གཙོ་བོར་གྱུར་ཡོད་པའི་སྐོར་དང་། ཉེ་ལམ་ཐོན་པའི་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བཙུགས་ཡོད་པའི་སྐོར་གྱི་སྙན་ཐོ་ལུང་དྲངས་ཏེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སེང་བ་རྣམས་ནས་རྒྱ་ནག་གཞུང་ལ་བོད་ཕྲུག་རྣམས་རང་གི་ནང་མི་དང་རིག་གཞུང་ནས་ཁ་བྲལ་གཏང་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་ཡོད།
གཞན་ཡང་ཁོང་མོས་རྒྱ་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་འོག་བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་བྱེད་པར་བོད་ཀྱི་རྩོམ་པ་པོ་དང་། ཤེས་ཡོན་པ། གཞས་པ། སློབ་ཕྲུག་སོགས་ཐེ་བའི་བོད་མི་མང་དག་ལ་རྒྱལ་ཁབ་ཁ་བྲལ་དང་མི་རིགས་ཆིག་སྒྲིལ་ལ་གནོད་གཞིའི་ཉེས་མིང་འོག་དོ་དམ་བཀག་སྐྱིལ་དང་། བཙོན་འཇུག་བྱེད་བཞིན་པར་ཐུགས་འཚབ་སྟོན་གནང་བ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་ནས་བཙན་གནོན་མནར་གཅོད་བཏང་བར་ལན་འདེབས་གསལ་བཤད་ཇི་ལྟར་བྱེད་འཇུག་རྒྱུ་ཡིན་སྐོར་དང་། དེ་བཞིན་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སེང་བ་རྣམས་ནས་བོད་ནང་གི་ན་གཞོན་བྱིས་པ་རྣམས་ལ་བོད་སྐད་ཐོག་ཤེས་ཡོན་ཐོབ་ཐང་འདྲ་མཉམ་རག་པར་རྒྱ་ནག་གཞུང་དང་ལྷན་དུ་འབྲེལ་ལམ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་དྲི་གླེང་གནང་ཡོད་པ་རེད།།