༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐུན་ལྔ་བཅུ་པའི་ཉིན་གཉིས་པའི་སྟེང་ཚོགས་མི་རྒྱལ་ཁབ་བཞི་བཅུ་ཞེ་བདུན་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
དེ་ཡང་ཕྱི་ཚེས་ ༡༤ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོའི་བགྲོ་གླེང་སྐབས་ནི་དར་ལེནྜ་གྱིས་རྒྱལ་ཁབ་ ༤༧ གྱི་ཚབ་ཞུས་ཏེ་བསྒྲགས་གཏམ་སྒྲོགས་སྦྱང་གནང་ཞིང་། དེའི་ནང་རྒྱ་ནག་གཞུང་གིས་དམིགས་བསལ་བོད་དང་། ཤར་ཏུརཀིསྟན། ཧོང་ཀོང་ནང་འཆར་གཞི་ལྡན་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
ཉེ་ལམ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་མཧི་ཀལ་བྷེ་ཆེ་ལེཊ་ (Michelle Bachelet) ལགས་ཀྱི་རྒྱ་ནག་ཕྱོགས་བསྐྱོད་དང་། ཕྱི་ཚེས་ ༢༨ ཉིན་གནང་བའི་ཁོང་མོའི་ཕྱོགས་བསྐྱོད་མཇུག་བསྡུའི་བསྒྲགས་གཏམ་གཉིས་དང་འབྲེལ་ནས། ཚོགས་མི་རྒྱལ་ཁབ་རྣམས་ནས་ཚོགས་གཙོ་བྷེ་ཆེ་ལེཊ་ལགས་ཀྱིས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཇི་བྱས་དང་། ཕྱོགས་བསྐྱོད་སྐབས་དངོས་ཐོག་གཟིགས་སྣང་ཇི་བྱུང་གསལ་སྟོན་གནང་དགོས་པའི་ནན་སྐུལ་གནང་འདུག གཞན་ཡང་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གཞུང་ནས་རྒྱ་ནག་ནང་དམ་བསྒྲགས་མེད་པར་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་མ་ཟད། ཁྲིམས་ཀྱི་དབང་བསྒྱུར་ལ་གུས་བརྩི་ཞུ་རྒྱུ་མཚོན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། རྒྱལ་སྤྱིའི་མི་སེར་དང་ཆབ་སྲིད་ཐོབ་ཐང་གི་ཆིངས་ཡིག་ ( International Covenant on Civil and Political Rights) ལ་ངོས་ལེན་ཆེད་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་གནང་འདུག
ནི་དར་ལེནྜ་ཡིས་སྣེ་ཁྲིད་པའི་ཐུན་མོང་གི་བསྒྲགས་གཏམ་སྟེང་ཨལ་བཱ་ནི་ཡཱ། ཨན་ཌོ་རཱ། ཨོསྟྲེ་ལི་ཡཱ། ཨོསྟྲི་ཡཱ། བེལ་ཇི་ཡམ། བེ་ལིཛ། བལ་གཱ་རི་ཡཱ། ཁེ་ན་ཌ།ཀོ་རོ་ཤི་ཡཱ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཌེན་མཱརྐ། ཨེསྚོ་ནི་ཡཱ། ཨིས་ཝ་ཊི་ནི། ཕིན་ལེནྜ། ཕ་རཱན་སི། ཇར་མ་ནཱི། གྷོ་ཊེ་མཱ་ལཱ། ཧོན་ཌུ་རས། ཨཱ་ཨིས་ལེནྜ། ཨཱ་ཡར་ལེནྜ། ཨིཛ་རེལ། ཨི་ཊ་ལཱི། ཉི་ཧོང་། ལཱཏ་ཝི་ཡཱ། ལིག་ཊེན་ཚིན། ལཱ་བེ་རི་ཡཱ། ལི་ཐུ་ནི་ཡཱ། ལཀ་ཛམ་བརྒ། མཱར་ཤལ། མོ་ནཱ་ཀོ མོན་ཊེ་ནེག་རོ། ནིའུ་ཛི་ལེནྜ། བྱང་མེ་སི་ཊོ་ནིཡ། ནོར་ཝེ། པ་ལཱ་ཨུ། པོ་ལེནྜ། པོར་ཅུ་གྷལ། རོ་མཱ་ནི་ཡཱ། སེན་མེ་རི་ནོ། སི་ལོ་ཝཱ་ཀི་ཡཱ། སི་ལོ་ཝཱེ་ནི་ཡཱ། སི་པན། སྭི་ཌན། སུད་སི། གྷརེཊ་བི་རི་ཊེན་དང་བྱང་ཨཱ་ཡར་ལེནྜ་མཉམ་འབྲེལ་རྒྱལ་ཁབ། ཨ་རི་བཅས་ཀྱིས་མཚན་རྟགས་བཀོད་འདུག
སྤྱིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐུན་ལྔ་བཅུ་པ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༠༧ ཚེས་ ༠༨ ཉིན་མཇུག་བསྡུ་གི་ཡོད་པ་དང་། ལྷན་ཚོགས་ཀྱི་ཚོགས་ཐུན་ལྔ་བཅུ་པ་དབུ་འཛུགས་མ་ཞུས་པའི་སྔོན་ཙམ་ལ་རྒྱལ་ཚོགས་ཀྱི་ཁྱད་མཁས་མི་སྣ་བཞི་བཅུས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་ཞིང་དམིགས་སུ་བཀར་ནས་འགྲོ་བའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག ། རྒྱ་ནག་ནང་བཀག་སྡོམ་མེད་པར་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་དགོས་འདུན་བཏོོན་གནང་ཡོད་པ་རེད།།